[A:87]བསྟན་པ་ཉི་མོ་ལྟར་མཛད་པའི་མཁས་པ་རྣམས་པ་གསུམ་ཆར་གྱི་ལུང་དང་རྟོགས་པའི་ཆོས་མ་ལུས་པ་ཐུགས་སུ་ཆུད་ཅིང༌། རྙེད་བསྐུར་བསྒྲུབ་པ་གསུམ་གྱིས་མཉེས་པར་མཛད་པས་སྲས་ཀྱི་ཐུ་བོ་དམ་པར་གྱུར་ཏེ། བདག་ཉིད་ཆེན་པོ་འདི་གསུམ་ཆར་གྱི་ཆོས་རྫོགས་པར་ཤེས་ནས་རྫོགས་པ་ཉམས་སུ་ལེན་པ་ནི་གོན་འཇོ་ནམ་འོད་ཁོ་ན་ཡིན་ནོ། །ཞེས་ཀུན་གྱིས་མངོན་སུམ་དུ་བསྟོད་པ་དང་བསྔགས་པ་ཁོ་ན་མཛད་པར་གྲགས་སོ། །དེ་ཡང་ལོ་ཆེན་ཇི་ལྟར་མཉེས་པར་མཛད་ཚུལ་དང་དེའི་གསུང་རབ་ཇི་ལྟར་བཟུང་ཞིང་སྤེལ་ཚུལ་ནི་བཤད་ཅིང༌། འཆད་པར་ཡང་འགྱུར་ལ་རྗེ་གཞན་གཉིས་ཀྱང༌། ལོ་ཆེན་གྱིས་མ་གནང་བཞིན་དུ་བཙལ་བ་སོགས་མ་ཡིན་པར། བཀའ་གནང་ནས་རྫངས་ཏེ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསན་ཅིང༌། རྗེ་བཙུན་ཆེན་པོའི་དྲུང་དུ། དཔལ་ལྡན་ས་སྐྱ་བས། ཆོས་རྗེ་མཉེས་པར་གྱུར་ཞེས་ཞལ་ལས་ཐོས། ཙོང་ཁ་པ་ཆེན་པོའི་དྲུང་དུ་ལོ་ཆེན་ཞལ་བཞུགས་རིང་དང༌། གཤེགས་རྗེས་ཀྱང་ལན་མང་དུ་བྱོན་ཏེ། མདོ་སྔགས་ཀྱི་གསུང་རབ་མཐའ་དག་གསན་ཐུན་མོང་མ་ཡིན་པའི་གྲུབ་མཐའ་དང༌། མདོ་སྔགས་ཀྱི་ལམ་གྱི་རིམ་པའི་གནད་མཐའ་དག་རྫོགས་པར་ཐུགས་སུ་ཆུད་པས་ཞི་བར་གཤེགས་ཁའི་ལོའི་བར་དུ། ལུགས་འདི་ཁོ་ན་ལ་སྦྱངས་པ་ཆེ་ཞིང་དགྱེས་ལ་གཙོ་བོར་མཛད། ཞི་བར་གཤེགས་ཁའི་ལོ་ཙམ་ནས། ཆོས་རྗེ་ལོ་ཆེན་གྱི་དབུ་མའི་གྲུབ་མཐའ་ལ་ལུང་རིགས་ཀྱི་གཏན་ཚིགས་མང་དུ་གཟིགས་ནས་དེའི་བཤད་པ་དང་སྒྲུབ་བྱེད་རྒྱས་པར་མཛད་དོ། །རྡོ་རྗེ་ཕྲེང་བས་ཐོག་དྲངས་པའི་རྒྱུད་སྡེ་བཞིའི་དབང་བཀའ་ཕལ་ཆེ་བ་ནི། ཤངས་པ་ཀུན་མཁྱེན་ཆེན་པོ་ཤེསརབ་དཔལ་བཟང་པོའི་དྲུང་དུ། དུས་ཕྱིས་གསན་ཏེ།