R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 89
[A:89]པ་བྱ་བ་ལས་ཀྱི་འཁོར་ལོ་མཐའ་དག་གི་ཁུར་ཆེན་པོ་བཞེས་པ་དང༌། གཙོ་བོར་མདོ་སྔགས་ཀྱི་གསུང་ཆོས་ནར་མར་གསུངས་ཏེ། དགོན་པ་འདིའི་ཆེ་སྒྲེས་བཅོམ་ལྡན་ཆེན་མོ་སོགས་རེ་རེ་གཉིས་མ་གཏོགས་མཐའ་དག་འཁོར་དུ་བསྡུས་ཤིང༌། ཆོས་ཀྱི་འབྱོར་པས་རྟག་པར་བསྐྱངས་ཏེ། ཀུན་གྱིས་ཞབས་སྤྱི་བོར་ལེན་ཅིང༌། བཀའ་ཚུལ་བཞིན་བསྒྲུབས་པས་གདན་སའི་ཐ་སྙད་མ་བཏགས་ཙམ་མ་བཏོགས། དོན་ལེགས་པར་འགྲུབ་པ། ལོ་བཅུ་ཙམ་གྱི་བར་དུ་མཛད་པའི་སྐབས་ནས། ས་མོ་ཕག་གི་དཔྱིད་སོས་བདག་གི་མཁན་པོ་རིན་པོ་ཆེ་སེངྒེའི་མཚན་ཅན་གྱི་དགོངས་པ་ལ། ད་ནི། ལོ་ཆེན་ཆོས་ཀྱི་རྒྱལ་པོའི་ཆོས་ཀྱི་རྒྱལ་སྲིད་ཁྱད་པར་ཅན་འདི༑ སྐྱེས་བུ་ཆེན་པོ་འདི་ཁོ་ན་ལ་གཏད་པར་འོས་ན། འདི་ཉིད་དུལ་བ་དང་དེས་པ་དང༌། དམན་པའི་ས་འཛིན་པ་ལ་དགྱེས་པས། རང་དགར་དེའི་གསོལ་བ་བཏབ་ན། ཕྱོགས་གཞན་དུ་བཞུད་པར་ལྟ་བུའི་རྐྱེན་དུ་གྱུར་ན་ནི། མ་ལེགས་པ་ཆེན་པོར་འགྱུར་ལ། འོན་ཀྱང་བླ་མའི་བཀའ་ལ་གཙོ་བོར་མཛད་པ་གཅིག་འདུག་པས༑ རང་རེའི་ཚིག་ལ་ཡང་དང་ལེན་མཛད་པ་སྲིད་མོད་ཀྱི། དེ་ནས་ཀྱང་ཤར་ཙོང་ཁ་པ་ཆེན་པོའི་བཀའ་ཤོག་ཅིག་གདན་དྲངས་ན་ཅི་ནས་ཀྱང་གསན་པར་ངེས་སྙམ་དུ་དགོངས་ནས། འུག་ཚང་མཁན་ཆེན། ཚུལ་ཁྲིམས་དཔལ་བཟང་པ་དོན་དེ་ལ་དབུས་ཕྱོགས་སུ་རྫོང་པའི་ཐུགས་ཐག་གཅད་མཚམས། དེ་བས་ཀྱང་ཐབས་མཁས་ཀྱི་སྒྱུ་ཐབས་མཛད་ན་ལེགས་པའི་མཚན་མ་གཟིགས་ནས། ཐོག་མར་རྗེ་ཉིད་བསྙུང་བའི་ཚུལ་ཅུང་ཟད་བསྟན་ཏེ། བདག་ཉིད་ཆེན་པོ་འདི་བྱང་ཆུབ་གླིང་ན་སྐུ་མཚམས་དམ་པོ་ལ་བཞུགས་པའི་དྲུང་དུ་ཆེ་སྒྲོས་གསུམ་རྫངས་ཏེ། ངེད་ན་སོ་ཡང་སོང༌། ཁམས་ཀྱང་མ་བདེ་བས་གདན་ས་པ་གཅིག་མི་འཚོལ་ཁ་མེད་དུ་སོང་