R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 94
[A:94]ཅན་གྱི། ནང་རྟེན་གསེར་སྐུ་ཇོ་བོའི་སྐུ་ཚད། ཕྱི་རྟེན་བྱང་ཆེན་ལྷ་མོ་རྣམས་ཀྱང་ལོ་གཉིས་ཀྱི་ནང་དུ་གྲུབ་པར་མཛད་པས་བསྟན་པ་རིན་པོ་ཆེ་དང་དགོན་པ་འདིའི་རྒྱན་དང་མཆོད་པའི་ཡུལ་དུ་མཛད་པ་ཡིན་ནོ། །གཞན་ཡང་ཐུགས་དམ་ཐང་ཁ་ཤར་ཙོང་ཁ་པའི་སྐུ་འདྲ་ཆེན་པོ་གཅིག་དང༌། ཆོས་རྗེ་སེང་གེའི་མཚན་ཅན་གྱི་སྐུ་འདྲ་ཆེན་མོ་གཅིག་གིས་ཐོག་དྲངས་པའི་ཞིང་ཁམས་མ་དང༌། དཀྱིལ་འཁོར་མ་ཆེ་ཆུང་འདྲེས་པ་སུམ་ཅུ་ཟིན་པ་དང༌། བུ་སྟོན་རིན་པོ་ཆེ་དང་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་མཐའ་དག་དང་རྗེ་བཙུན་ཆེན་པོའི་བརྩམས་ཆོས་ཕྱེད་ཙམ་ལ་སོགས་པའི་གསུང་རབ་མང་དུ་བཞེངས་པ། དབུ་རྩེ་ཆེན་མོའི་གསེར་ཏོག་ཆེན་མོ་འཛུགས་པ། དགེ་འདུན་གྱི་དབྱར་ཚུལ་དགུན་ཚུལ་གྱི་བདག་རྐྱེན། ཆོས་རྗེ་སེང་གེའི་མཚན་ཅན་གྱི་དུས་མཆོད་བཅུ་དགུ་མཆོད་པའི་བདག་རྐྱེན། ཁྱད་པར་བླ་མ་ཐམས་ཅད་ཀྱི་ཐུགས་དགོངས་པ་རྫོགས་ཕྱིར་དུ། གསང་འདུས་བསྒྲུབ་མཆོད་ཀྱི་བདག་རྐྱེན་ལ། དགོན་པ་རང་དུ་རྩ་ནས་ལྔ་བརྒྱ་ཙམ་དང༌། མར་མེའི་རྒྱུ༑ སྣུམ་རིན་ཉིས་བརྒྱ་ཙམ། གཞན་ཡང་གླང་ཕུ་སོགས་སུ་ནས་གཞི་འཛུགས་པ་སོགས། དགོན་པའི་འཕྲལ་གྱི་ཉེར་མཁོ་དང་ཕུགས་ཀྱི་སྤྱི་ཐེས་སྒོ་དུ་མ་མཛད་པས་བཀའ་དྲིན་ཤིན་ཏུ་ཆེའོ། ། གསུམ་པ་ལ། སྐྱོན་གྱིས་མ་གོས་པའི་ཚུལ་དང༌། སྡོམ་གསུམ་རྫོགས་པའི་ཚུལ་ལོ། ། དང་པོ་ནི། མདོར་ན་མ་རུང་བདག་འདྲིས་ཡུན་རིང་དུ། །མཛད་པ་ཀུན་ལ་སྐྱོན་གྱི་སྐབས་བཙལ་ཡང༌། །ཆོས་དང་འགལ་པའི་མཛད་པ་རྡུལ་ཙམ་གྱིས།། ནམ་ཡང་གོས་པ་མེད་པ་ཁྱོད་ལ་འདུད། །ཅེས་པ་སྟེ་ཅི་མཛད་ལེགས་པར་མཐོང་