[A:96]བྱ་སླུ་བའི་རྫུན་དང༌། ཕྲ་མ་སོགས་ལྟ་ག་ལ་ཞིག་སྟེ་གསུང་ལ་སྐྱོན་གྱི་གོ་སྐབས་མེད་དོ། །དེ་བཞིན་དུ་ད་ལན་གྱི་སྐུ་དང་གསུང་གི་རྣམ་ཐར་རིག་བྱེད་འདི་ནི་རང་ཕྱོགས་ལ་ཆགས་པ་དང༌། གཞན་ཕྱོགས་ལ་སྡང་བས་ཀུན་ནས་སླང་ངོ་སྙམ་པའམ། འདི་ནི་ང་རྒྱལ་དང་རློམ་སེམས་དང་དྲེགས་པ་དང་རྒྱགས་པ་དང་བག་མེད་པས་ཀུན་ནས་སློང་བའི་མཚན་མ་ཅུང་ཟད་དོ་སྙམ་པ་ལ་སོགས་པ་རྣམས། ལོ་མང་པོའི་བར་དུ་ལེགས་པར་བལྟས་ཀྱང་ལན་གཅིག་ཙམ་ཡང་མ་མཐོང་བས། ཐུགས་ཀྱི་འཁྲུལ་པ་ཟད་པ་སྟེ། མདོར་ན་བློ་གྲོས་དང་ལྡན་ཞིང༌། གཟུ་བོར་གནས་ལ། བླུན་དད་མེད་པ་ཞིག་གིས་ལེགས་པར་བརྟག་ན། ཤེས་ནས་དད་པའི་མཆོག་ཐོབ་པར་གདོན་མི་ཟ་བས་བསྟོད་པ་ཡང་འདི་ཉིད་ཕུལ་དུ་བྱུང་བ་ཡིན་ཏེ། བསྟོད་པ་བརྒྱ་ལྔ་བཅུ་པ་ལས། བཅོམ་ལྡན་འདས་ཀྱི་སྐུ་དང་ནི། །གསུང་དང་ཐུགས་ཀྱི་འཕྲིན་ལས་ལ། །ཞེ་འདྲས་གྱུར་པ་གང་གིས་ཀྱང༌། །ཆོས་དང་ལྡན་པར་གླགས་མི་རྙེད། །ཅེས་གསུངས་པ་བཞིན་ནོ། །
གཉིས་པ་ལ་གསུམ་ལས། སོ་ཐར་སྡོམ་པའི་ཡོན་ཏན་རྫོགས་ཚུལ་ནི། བསྟན་པའི་རྩ་བ་ཚངས་སྤྱོད་ཀུན་གྱི་མཆོག།སོ་སོ་ཐར་པའི་དགག་སྒྲུབ་གནང་གསུམ་གྱི། །བསླབ་པའི་གནས་ལ་མཁས་ཤིང་མི་འདའ་བས། །དགྲ་བཅོམ་འདུལ་བ་འཛིན་ལ་གསོལ་བ་འདེབས། །ཞེས་པ་སྟེ། སོ་སོར་ཐར་པ་འདི་ནི༑ བསྟན་པའི་རྩ་བ་ཡིན་ཏེ། མདོ་དང་ལུང་ལས་བསྟན་པའི་གནས་ཚད་ལོ་ལྔ་སྟོང་ལ་སོགས་པ་གསུངས་པ་ཐམས་ཅད། འདིའི་དགེ་སློང་གི་སྡོམ་པ་གསར་དུ་སྐྱེ་བ་ཡོད་མེད་ཁོ་ན་ལ་བྱ་དགོས་པའི་ཕྱིར་ཏེ། གཞན་དུ་ལུང་རྟོགས་གཞན་ཡོད་པ་ཙམ་གྱིས་བྱེད་ན། སྡོམ་པ་གསུམ་ཀ་དང་ལྡན་པའི་སྐྱེས་ཆེན་སྐུ་ཚེ་བྱིན་གྱིས་