R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 97
[A:97]བརླབས་ནས་བཞུགས་པ་དུ་མ་ཡོད་པའི་ཕྱིར་རོ། །དེ་ལྟར་ན་ཕྱི་ནང་གི་ཚངས་པར་སྤྱོད་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ་ངེས་པར་འབྱུང་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །དོན་འདི་ལ་དགོངས་ནས་འདི་ཉིད་ཆོས་རྗེ་རྣམ་གསུམ་གྱིས་རྩལ་དུ་སྟོན་པ་བཞིན་དུ། བདག་ཉིད་ཆེན་པོ་འདིས་ཀྱང་ལེགས་པར་ཐུགས་ཉམས་སུ་བཞེས་ཏེ། བཤད་མ་ཐག་པ་ལྟར་མི་མཐུན་ཕྱོགས་མཐའ་དག་གིས་མ་གོས་ཤིང༌། གསོ་སྦྱོང་དང་དབྱར་གནས་དང་དགག་དབྱེ་སྟེ། གཞི་གསུམ་གྱི་ཕྱག་ལེན་ལ་ཡང་ཤིན་ཏུ་གཅེས་སྤྲས་སུ་མཛད་དོ། །མདོར་ན་དགག་པ་དང་སྒྲུབ་པ་དང་གནང་བ་གསུམ་གྱིས་བསྡུས་པའི་བཅས་མཚམས་ཕྲ་མོ་རྣམས་ཀྱང་མདོ་རྩ་བའི་ཚིག་དོན་ཐུགས་ལ་ལེགས་པར་མངའ་བའི་སྒོ་ནས་ཤིན་ཏུ་ངེས་ཤིང༌༑ ངེས་པ་དེ་ཉིད་ཀྱི་སྒོ་ནས་བཅས་པ་དང་རང་བཞིན་གྱི་བསླབ་གཞི་ཕྲ་ཞིང་ཕྲ་བ་རྣམས་ལས་ཀྱང་མ་འདས་པར་ཐུགས་ཉམས་སུ་བཞེས་ནས། མདཽ་རྩ་བའི་བཤད་པ་ཚར་མང་དུ་གནང༌། བདག་གིས་ཀྱང་རྒྱ་ཆེར་འགྲེལ་གྱི་སྟེང་ནས་ཚར་གཅིག་ཐོས། དེ་བཞིན་དུ། ཆོས་རྗེ་སེང་གེའི་མཚན་ཅན་བཞུགས་རིང་ཕལ་ཆེར་རབ་བྱུང་བསྙེན་རྫོགས་ཀྱི་སློབ་དཔོན་མཛད་དེ། བུ་སྟོན་རིན་པོ་ཆེའི་ལས་ཆོག་ཆེན་མོ་ཤིན་ཏུ་བྱང་བར་རྒྱུན་དུ་ཐུགས་ལ་བཞུགས་པའི་སྒོ་ནས་ཚིག་ཕྱེད་ཀྱང་མ་འཁྲུལ་བར་གསུང་པས་གདུལ་བྱ་མཐའ་ཡས་པའི་རྒྱུད་ལ་སོ་ཐར་གོང་འོག་རྣམས་ལེགས་པར་བསྐྱེད་དོ། །གཤེགས་རྗེས་མཁན་པོ་མཛད་ནས་མཁན་པོའི་བྱ་བ་རྣམས་འཁྲུལ་པ་དང་བྲལ་བར་མཛད་པས་ཀྱང་དེ་བཞིན་ཏེ། རྗེ་ཡབ་སྲས་འདི་པའི་ཕྱག་ལེན་ཁྱད་པར་ཅན་འདི་རྒྱུས་ཡོད་ནས། གཞན་གྱི་ལས་གྲལ་མཐོང་པའི་ཚེ། རང་གི་བླ་མ་ལ་དད་པ་མཆོག་ཏུ་སྐྱེའོ།