R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 98
[A:98] གཉིས་པ་བྱང་སེམས་སྡོམ་པའི་ཡོན་ཏན་རྫོགས་ཚུལ་ནི། ཐེག་ཆེན་བརྩེ་བ་གཞན་ཕན་བྱང་ཆུབ་སེམས། །གསུང་རབ་ཀུན་གྱི་སྙིང་པོར་ལེགས་གཟིགས་ནས༑ ༑བྱང་སེམས་སྡོམ་པའི་ཡོན་ཏན་ཀུན་རྫོགས་པའི། །བརྩེ་ཆེན་རྒྱལ་བའི་སྲས་ལ་གསོལ་བ་འདེབས། །ཞེས་པ་སྟེ། སྤྱིར་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བས་ནི། རང་ཉིད་གཅིག་པུ་ཞི་བདེ་དོན་དུ་གཉེར་བའི་བསམ་སྦྱོར་ཁོ་ན་ཐེག་ཆེན་ལམ་གྱི་གེགས་ཀྱི་གཙོ་བོར་ཤེས་ནས་གཞན་ཕན་བྱང་ཆུབ་ཀྱི་སེམས་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་བར་བྱའོ་ཞེས་མདོ་སྡེ་དང་རྒྱུད་ཐམས་ཅད་མགྲིན་གཅིག་ཏུ་གསུང་ཤིང༌། སྟོང་ཉིད་རྟོགས་པའི་ཤེས་རབ་ལ་ཡང་ལན་གཅིག་མ་ཡིན་པར་བསྔགས་མོད་ཀྱི། དེ་རྫོགས་པའི་བྱང་ཆུབ་དང་རྒྱལ་བའི་སྲས་པོ་བསྐྱེད་པའི་ཐུན་མོང་གི་རྒྱུ་མ་ལྟ་བུར་གསུངས་ལ། ཐེག་ཆེན་བྱང་ཆུབ་ཀྱི་སེམས་ནི། ཐུན་མོང་མ་ཡིན་པའི་རྒྱུ་ཕ་དང་འདྲ་བར་གསུངས་པས་ཐེག་ཆེན་གྱི་རྩ་བ་ཡིན་ལ། དེའི་ཕྱྀར་གསུང་རབ་རིན་པོ་ཆེ་མཐའ་དག་གི་སྙིང་པོ་ཡིན་ཏེ། དམ་ཆོས་འོ་མ་བསྲུབ་པ་ལས། །མར་གྱི་ཉིང་ཁུ་བྱུང་བ་ཡིན། །ཞེས་སོགས་མང་དུ་གསུངས་མོད་ཀྱི། ཡི་གེ་མང་བས་འཇིགས་པས་མ་བྲིས་སོ། །དེ་ལྟ་ནའང་བདག་ལྟ་བུའི་ཐེག་ཆེན་པར་ཁས་འཆེ་བ་ཕལ་མོ་ཆེ་དག་ནི། སེམས་བསྐྱེད་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་མཐོང་ཞིང་དམ་བཅའི་ཚིག་ལ་བརྒྱ་ཚར་གཏོང༌། སྡོམ་པ་གསུམ་ལྡན་དུ་རློམ་སེམས་ཀྱང༌། ལག་ལེན་ལ་སྦྱོར་བའི་ཚེ། སེམས་ཅན་མཐའ་དག་ལ་ཕ་མར་ཤེས་ནས་དྲིན་དུ་གཟོ་བ་དང༌། རང་གཅེས་འཛིན་བོར་ནས་གཞན་དོན་ལ་འཇུག་པ་ལྟ་ཞོགཚེ་འདིའི་ཕ་མའི་འདོད་དོན་ཁྱད་པར་ཅན་ཞིག་དང༌། རང་གི་འདོད་དོན་ཕྲ་མོ་ཞིག་འདོམས་པ་དང༌། གཅིག་བྱས་ན་