R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 99
[A:99]གཅིག་འཆོར་བར་མཐོང་བའི་ཚེ། རང་གི་འདོད་དོན་ཁོ་ན་ལ་འཇུག་པར་མྱོང་བ་དང༌༑ མངོན་སུམ་གྱིས་ཡང་ཡང་གྲུབ་ལ། བདག་ཉིད་ཆེན་པོ་འདི་ནི། རང་ཉིད་ཀྱི་རྙེད་པ་དང་བཀུར་སྟི་དང༌། ཆེ་ཐབས་དང༌། གྲགས་པ་དང༌། ཚིགས་སུ་བཅད་པ་ཐམས་ཅད་སྐྱུག་པའི་ཟས་བཞིན་དུ་གཟིགས་ཏེ། སེམས་ཅན་གཞན་གྱི་ཕན་པ་དང་བདེ་བའི་ཆེད་དུ། སྐུ་དང་སྲོག་དང་ལོངས་སྤྱོད་ཐམས་ཅད་ལྟོས་མེད་དུ་གཏོང་བ་ལེགས་པར་གོམས་པས། གོང་དུ་བརྗོད་པ་ལྟར། ནད་པ་ལ་སོགས་པའི་སྡུག་བསྔལ་ཅན་གྱི་སྡུག་བསྔལ་སེལ་བའི་ཆེད་དུ། གཞན་མང་པོའི་ནད་གཡོག་ཡང་དང་ཡང་དུ་མཛད་པ་དང༌། དགེ་ལྡན་དུ་ཆོས་དོན་དུ་གཉེར་བའི་ཞའོ་ཁུར་ནས་ཆོས་རར་ཁྲིད་པ་རྒྱུན་དུ་མཛད་པ་དང༌། རྩེསརྩེད་ཐང་དང༌། ལྷ་ས་ལ་སོགས་པར་ཁྲིམས་གཅོད་པས། དབུ་ལ་རྒྱུག་པ་རྒྱབ་པས་རྒྱུག་པ་དུམ་བུ་མང་པོར་ཆག་པ་ལན་མང་དུ་བྱུང་བ་རྣམས་ལ་དེ་མ་ཐག་ཏུ་བློ་སྦྱོང་བསྒོམས་ཏེ། ཐུགས་རྒྱུད་འཁྲུག་པ་ཙམ་ཡང་མ་མཛད་པ་དང༌། གཞན་ཡང༌། སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཐམས་ཅད་གཞན་རྒྱུད་ལ་ཞེ་སྡང་སྐྱེ་བའི་རྐྱེན་དུ་སོང་ན། སྤྱིར་ཞེ་སྡང་ལྟ་བུའི་སྡིག་པ་མེད་པ་དང༌། དགོས་བྱང་སེམས་ལ་ཞེ་སྡང་སྐྱེས་ན་དགེ་རྩ་མང་དུ་ཆད་པར་གསུངས་པ་རྣམས་གཟིགས་ཏེ། གཞན་རྒྱུད་ཀྱི་ཉོན་མོངས་བསྲུང་བ་ལ་གཙོ་བོར་མཛད་པ་སོགས་ཏེ། འགྲོ་བ་རྣམས་ལ་གདོལ་པའི་ཕྲུ་གུ་བཞིན། ། རྒྱགས་དང་ང་རྒྱལ་དྲེགས་པ་སྤངས་ནས་ནི། །རིགས་བཙུན་པ་མི་ཉེ་དུའི་ཚོགས་བཞིན་དུ། །རྗེས་སུ་མཐུན་པ་སྒྲུབ་ཅིང་སྤྱད་པར་བགྱི། །ཞེས་སྨོན་ལམ་བདུན་ཅུ་པ་ལས་གསུངས་པ། ཇི་ལྟ་བ་བཞིན་མཛད་དོ། །མདོར་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་བྱང་ས་དང༌། མདོ་སྡེ་རྒྱན་དང༌། བསླབ་བཏུས་དང༌། སྤྱོད་