R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 14
[A:14]ལ་མཆོག་ཏུ་མོས་སོ། །མ་རྒན་ནི། ཁོ་བོ་ཉིད་ཀྱིས་མཁན་པོ་དང༌། འུག་ཚང་རིན་པོ་ཆེ་ཚུལ་ཁྲིམས་དཔལ་བཟང་པོས་སློབ་དཔོན་མཛད་དེ། དགེ་ཚུལ་མ་གཙང་མ་བྱས༑ ཤེས་རབ་བཟང་མོ་ཞེས་བཏགས། དད་གུས་དགེ་སྦྱོར་ལ་བརྩོན་པའི་ངང་ནས་འདས། གསུམ་ཀ་ལ་གྲོངས་རྟགས་སོགས་ཀྱང་ཤིན་ཏུ་ངོ་མཚར་བ་མང་པོ་བྱུང་སྟེ་མ་བརྗོད་དོ། ། གཉིས་པ་ནི། མི་རྟག་རྟག་འཛིན་སོགས་ཏེ། བཙས་ནས་ལོ་གསུམ་པ་ལ༑ ལོ་ཆེན་ཆོས་ཀྱི་རྒྱལ་པོ་སྐྱབས་མཆོག་དཔལ་བཟང་པོའི་དྲུང་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཞུས། མིང་དཀོན་མཆོག་སྐྱབས་སུ་བཏགས་འདུག་ནའང་གསལ་བར་མ་དྲན། ཅུང་ཟད་དྲན་པའི་ཚེ། ལོ་ཆེན་འདིས་གསོལ་རས་ཞིག་ཀྱང་གནང༌། ཁྱོད་ཁང་དམར་བའི་བུ་དེ་ཡིན་ནམ་གསུང༌། ཡིན་ལགས་ཞུས་པས། བཙུན་པ་ཨེ་བྱེད་གསུང༌། བྱེད་ལགས་ཞུས་པས། ཕྱག་མགོ་ཐོག་དུ་བཞག་ནས་བཙུན་པ་ཅིས་ཀྱང་གྱིས་ཨང་གསུངས། ལོ་ལྔ་པ་ཙམ་ལ་མས་སྒྲོལ་མ་ཁས་སློབ་བྱས་པ་ཚེགས་ཆུང་ངུས་ཟིན་ཞེས་ཐོས་སོ། །ནང་གཅིག་ཕས་ཀ་ཁ་སློབ་པ་ཚ་གོང་དུ་འདོགས་དང་བཅས་པ་བློ་ལ་ཟིན་ནས་དགོང་མོ་ས་ལ་བྲིས་ཤིང་མཚན་མོ་ཕ་རྒན་གྱི་རྩིབ་མ་ལ་མཛུབ་རིས་བྱས་པ་གསལ་བར་དྲན། ལོ་བདུན་པ་ལ་ཡི་གེ་བསླབས། ཟླ་གཅིག་ལ་ལེགས་པར་ལོབས། དེ་མཚམས་སློབ་དཔོན་ཐག་རིང་རབ་ཏུ་འབྱོན་དགོས་པའི་རྐྱེན་བྱུང་ནས། ཡིག་ཕྲུག་བཅོ་ལྔ་སྐོར་ཡོད་པ་འགྱེས་པར་ཆས་པ་ན། སློབ་དཔོན་གྱིས་བདག་ལ་ཡིག་ཕྲུག་སྡད་པ་རྣམས་ཀྱི་འཁྲིད་གྲོགས་གྱིས་གསུང་ནས་མ་གྱེས་པར་སོ་ནམ་རན་རན་དུ་བསྐྱངས་པས་ཀུན་གྱིས་མཚར་དུ་འཛིན་པ་བྱུང༌། ལོ་བརྒྱད་དགུའི་སྐོར་དུ་སྤུན་ཟླ་དང་ཁྱིམ་