R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 30
[A:30]འདུལ་བའི་ཀུན་སྤྱོད་གཙོ་བོར་གྱིས་གསུང་པར་གསལ་ལ། ཆོས་འཁོར་དུ། དྲུང་ཀུན་བཟང་པ་བསྐོ་བཞག་གཅིག་ཚར་ཟེར་བའི་སྐད་ཆ་མ་གསན་བར་དུ་ཅི་ཡང་མི་གསུང་བར། གསན་མ་ཐག་ནས། ཕྱག་ཕྱིར་འགྲོ་ཞེས་ནར་མར་གསུང་ཤིང༌། ཕྱིས་འདིར་གདན་སར་སླེབ་པ་གསན་མ་ཐག་ཏུ། ད་ངེད་ཀྱི་རྩར་མ་ཡོང་པ་ལ་མི་དགའ་བ་མེད་པས། བསྟན་པའི་བྱ་བ་ལ་འབད་པ་ཐོན། གསུང་པའི་བཀའ་ཤོག་ཕེབས་པ་རྣམས་ནི། དགོན་པ་འདི་ལ་རྟིངསགཏིང་ཀྱི་ཐུགས་མཐོང་དང༌། འདུལ་བའི་དང་ཚུགས་ལ་ཐུགས་ཀྱི་ཕུག་ལེགས་པར་དགྱེས་པའི་མཚན་མར་གསལ་ལོ། །དེ་ལྟར་ན་བདག་ཉིད་ཆེན་པོ་འདིས་ཀྱང༌། བསྟན་པ་སྤྱི་ལ་རྫོགས་པར་ཕན་དུ་རེ་བའི་གཉེར་ཁ་གཏད་པ་ཡིན་ནོ། །དེ་དག་གི་བར་བར་དུ། རྩེ་ཆེན་ཆོས་རྗེའི་དྲུང་དུའང་སུམ་པ་ལོ་ཙྭ་བའི་སྙན་བརྒྱུད་ལ་སོགས་པའི་འཁྲིད་ཆུང་དང་སྒྲོལ་མ་དཀར་སྔོ་ལ་སོགས་པའི་མན་ངག་དུ་མ་ཐོབ་བོ། །དེ་ནས་ལོ་སུམ་ཅུ་རྩ་དགུའི་སྟེང་དུ་སླེབ་མ་ཐག་པ་ཆུ་མོ་ཕག་གི་ཧོར་ཟླ་དང་པོའི་ཉེར་ལྔ་ལ། ཆོས་འཁོར་གྱི་གདན་སར་སླེབ། དམ་པ་དུ་མའི་བཀའ་དྲིན་ལས། མདོ་སྔགས་ཕལ་ཆེར་ཐོས་ཤིང་ཤེས། དོན་གཉེར་དུ་བྱུང་ཡང་འཆད་མི་ཤེས་པ་མི་སྣང་མོད་ཀྱི། མདོ་མང་ལ་སོགས་པ་རྒྱལ་བའི་བཀའ་ཕལ་ཆེར་གྱི་ལུང་མ་ཐོབ་པས། བསྟན་པའི་རྒྱུན་ལ་ལེགས་པར་བསམ་ནས། སྟག་ཡོས་གཉིས་ཀྱི་དཔྱིད་སོས། གནས་རྙིང་དཀའ་བཅུ་པ་སེམས་དཔའ་ཆེན་པོ། རིན་ཆེན་མཆོག་གྲུབ་པ། བཀྲ་ཤིས་རྫོང་ཁ་ལ་སོགས་པར་སྤྱན་དྲངས་ཏེ་བཀའ་འགྱུར་ཕལ་ཆེར་གྱི་ལུང་ཞུས། དགྱེས་བཞིན་དུ་བསྐྱངས་སོ། ཁྱི་ལོ་སྟོན་ཁ། ཆོས་རྗེ་མཁྱེན་རབ་དབང་ཕྱུག་པའི་གསུང་ལས། འདུལ་བ་མདོ་དང་ཚད་མ་མདོ་གཉིས་ཀྱི་རང་འགྲེལ་ལ་འགྱུར་