R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 31
[A:31]བཅོས་གཅིག་གྲུབ་པ་བྱུང་ན། ཤིན་ཏུ་ལེགས་གསུང་བ་ཡོད་པས། རྒྱ་དཔེ་འཚོལ་བ་དང༌། གདན་ས་ཆེན་མོའི་བྱིན་བརླབ་ཞུ་བ་ལ། དཔའ་ལྡན་ས་སྐྱར་ཕྱིན་པའི་ཕྱིན་ལམ་ལ། རྒྱ་གར་པཎ་ཆེན་ནགས་ཀྱི་རིན་ཆེན་པ་དང༌། རྒྱ་ཁྲ་རྫོང་ཡར་ཐོན་གྱི་ལམ་དུ་མཇལ། ཡི་གེ་བརྒྱ་པ་ལ་སོགས་པའི་ཆོས་ཀྱི་འབྲེལ་བ་ཅུང་ཟད་ཀྱང་ཐོབ༑ གོང་དུ་བརྗོད་པའི་སློབ་དཔོན་འདུལ་མངོན་པ་དང་བཅས་ཏེ། དེ་ལྟར་དམ་ཆོས་ནོད་པའི་བླ་མ་རབ་ཏུ་བྱུང་རྗེས་ཀྱི་དབང་དུ་བྱས་པ་བཅུ་བདུན་ཏེ། ཚིགཚིགས་་བཅད་རེ་རེ་ཙམ་གྱི་འབྲེལ་པ་ཡན་ཆད། སྐྱེ་བ་འདིའི་ཡོངས་འཛིན་ཉི་ཤུ་རྩ་བདུན་ལེགས་པར་མཉེས་པར་བྱས་ཏེ། ཆོས་དང་ཟང་ཟིང་གི་འབྱོར་པས་ལེགས་པར་བསྐྱངས་ཏེ། ཡོན་ཏན་དང་རྣམ་ཐར་གྱི་གཙོ་བོ་ནི་འདི་ཉིད་ཡིན་ནོ། ། བཞི་པ་ནི། བཤད་མ་ཐག་པ་རྣམས་ཀྱིས་རྒྱས་པར་བཤད་ཟིན་ཅིང༌། དོན་བསྡུ་ན། གཞུང་ལུགས་ཀུན་ལ་ཤེས་རབ་རབ་དང་ཕུལ། །ཞེས་པས་ཚིག་དང༌༑ བསླབ་གསུམ་རིན་ཆེན། ཞེས་པས་དོན་ལ་སྦྱོང་ཚུལ་བསྟན་ཏེ། རིག་གནས་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ལ། བཟོ་དང་གསོ་བ་དང་སྒྲ་དང་ཚད་མའོ། །དང་པོ་ནི། བོད་ཀྱི་བཟོ་བརྒྱུད་པ་ཊ་ཞེས་གྲགས་པའང་མཐོང༌། སྐྱེ་བ་སྔ་མའི་བག་ཆགས་ཀྱིས། ཡི་གེའི་རིས་ཀྱང་ཕལ་ཆེར་ཤེས་ཏེ༑ ལོ་བཅོ་ལྔ་པ་ཙམ་ལ་རིན་སྤུངས་སུ་ཕྱིན། ལན་ཚའིལཉྫ་སྐྱོད་རིས་མང་དུ་སྣང་བའི། རྣམ་རྒྱལ་འཇོམས་དང༌། ཚེ་གཟུངས་སོགས་བློ་ལ་ཡོད་པ་རྣམས༑ སྔར་ཡེ་མ་མཐོང་བ་ཀློག་ཤེས་ནས། འཐེན་ལུགས་མི་ཤེས་ཀྱང༌། ནན་གྱིས་བྲིས། བོད་ཀྱི་འཕྲིན་ཡིག་ནི་འགྲོ་བཞིན་པ་དང༌། རྟ་ཐོག་དུ་ཡང་འབྲི་ཐུབ།