R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 32
[A:32]ལན་གཅིག་མཛུབ་མོ་གཡས་པ་ན་ནས། གཡོན་པས་ཞག་ཤས་འབྲི་བ་ཡང་བྱས། དཔེ་ཡིག་མགྱོགས་ཚད་མདའ་ཚད་སུམ་ཅུ་འབྲི་བ་དང༌། སྨྱུག་ཁ་གང་གི་སྣག་ཚས་མདའ་ཚད་ཡིག་འཕྲེང་ཕྱེད་དང་གཉིས་མ་འབྲི་བ་དང༌། སྔ་དྲོ་ཤོག་གུ་མང་པོའི་ནང་ལོག་བྲིས་ནས་དགོང་མོ། ཕྱི་ལོག་བྲི་བ་ལྟ་བུ་མ་བྱས་ན་སྣག་ཚ་མི་སྐམ་པར་ཡུན་རིང་སྒུག་དགོས་པ་འབྱུང་བ་ལྟ་བུ་མགྱོགས་པར་གྲགས་པ་དང༌། ལྷ་བྲིས་དང་ལྡེལྡེར་སྐུ་དང་རྐོས་ལ་སོགས་པ་མ་བསླབ་པར་ཤེས་པ་དང༌། ཕྱིས་དུས་འཁོར་སྡོམ་འབྱུང་སོགས་ཀྱི་ཕྱག་ཚད་ལེགས་པར་ཤེས་ནས་ཡི་གེར་བཀོད་པ་སོགས་སོ། ། གཉིས་པ་ནི། ཕྱི་མ་རྒྱུད་ལ་སྦྱངས་པ་ཅུང་ཟད་བྱས་ཤིང༌། ཁྱད་པར་དུས་འཁོར་ནང་ལེ་ལ་མཁས་པས། ནད་བརྟག་པ་དང༌། འབྱོར་ལྡན་དང༌། ཀུན་སྤངས་ཀྱི་སྨན་བརྟཻན་ཚུལ་ཤེས་པས། རང་ལུས་ལ་བད་ཀན་སྨུག་པོའི་ནད་དང༌། རྒྱང་མིག་མི་གསལ་བ་སྔ་མོ་ནས་ཡོད་ཀྱང༌། ཆེ་རུ་ཡེ་མ་སོང་བའི་ངང་དུ་གནས་པ་དང༌། གཞན་ལའང་ཕན་པ་ཅུང་ཟད་སྦྱོར་མོད་ཀྱི། བསྟན་པའི་བྱ་བ་ཆེན་པོ་གཞན་ལ་ཤིན་ཏུ་གནོད་པར་སྣང་བས། ཤེས་ཚུལ་རྒྱ་ཆེར་མ་བསྟན་ཅིང༌། ཡན་ལག་བརྒྱད་པ་ཆེན་པོའི་དོན་བསྡུས་པ་ཞིག་བྱ་བར་འདོད་པའང་མ་འགྲུབ་བོ། ། གསུམ་པ་ནི། གོང་དུ་བརྗོད་པ་ལྟར་གྲགས་ཤིང༌། གཞི་འགྱུར་དང་འགྱུར་བཅོས་མང་པོའང་བྱས། འཕགས་པ་བརྒྱད་སྟོང་པ། གསེར་གྱི་ལན་ཚར་རང་ཉིད་ཀྱིས་བྲིས་པ་ལ། བོད་སྐད་དངུལ་གྱིས་བྲིས་པའི་བདག་ཉིད་བརྡ་ཁྱད་འཕགས་སོགས་སྐད་གཉིས་ཀྱི་བྱ་བ་ཡང་མང་དུ་བྱས་སོ། ། བཞི་པ་ནི། ཚད་མའི་སྦྱངས་པ་ཤིན་ཏུ་ཆེ་ཞིང༌། བག་ཆགས་ཀྱང་གསལ་