R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 33
[A:33]མོད་ཀྱི། ཕྱྭ་གཙང་ཕྱོགས་ཀྱི་གྲུབ་མཐའ་ལ་དང་པོ་ཉིད་ནས་བློ་ལ་མི་འགྲོ་བའི་བག་ཆགས་ཞིག་སྣང་བས། ད་ལྟ་ཡོངས་གྲགས་དང་མི་མཐུན་པས། བཤད་པ་དང༌༑ བརྩམས་པ་འགའ་རེ་བྱས་ཀྱང༌། ཕྲིན་ལས་ཆེར་མི་སྣང་ངོ༌། །གཉིས་པ་ལ༑ མདོ་དང༌། སྔགས་ཏེ། ལེགས་བཤད་ཡི་གེར་བཀོད་ཚུལ་འོག་ནས་འཆད་པ་ལྟར༑ རེ་རེ་ཞིང་ལེགས་པར་སྦྱངས་ཤིང༌། བག་ཆགས་གསལ་བས་དུས་དེང་སང་གི་བསྟན་པ་འཛིན་སྐྱོང་བྱེད་པའི་མཆོག་གོ་སྙམ་པའི་རློམ་པ་ཡོད་མོད་ཀྱི། སྤེལ་བའི་ལས་ཀྱི་བགོ་སྐལ་ནི་ཤིན་ཏུ་ཞན་ནོ། །དོན་ལ་སྦྱངས་ཚུལ་ལ། ཚུལ་ཁྲིམས་ཀྱི་བསླབ་པ་སོ་སོ་ཐར་པ་ནི། ཧ་ཅང་ལག་ལེན་དོགས་པའི་ཚུལ་མེད་ཀྱང་འདུལ་བ་ཤེས་པས། ལྟུང་བ་རགས་པས་མ་གོས་ཤིང༌། ཕྲ་མོ་ལ་ཡིད་ཀྱིས་བསྡམས་པའི་ཕྱིར་བཅོས་བྱས་པ་དང༌། ཁྱད་པར་རང་བཞིན་ལ་གཙོ་བོར་འཛེམས་པས་ཚུལ་ཁྲིམས་ཀྱི་གཙོ་བོ་ལ་རྨ་མེད་དོ། །བྱང་སེམས་དང༌། གསང་སྔགས་ལ་ཡང༌། ཡན་ལག་གི་ཉེས་པ་ཆར་ལྟར་བབས་ཀྱང༌། སེམས་ཀྱིས་འཕྲལ་དུ་འཆོས་པ་དང༌། རྩ་བའི་ལྟུང་བ་སྐྱེད་པའི་རྒྱུ། ཟག་པ་ཆེ་འབྲིང་དང་མི་འགྲོགས་པ་ཙམ་མོ། །ཏིང་ངེ་འཛིན་གྱི་བསླབ་པ་ནི། བསྐྱེད་རྫོགས་ཀྱི་མྱོང་བ་ཅུང་ཟད་ཙམ་མ་གཏོགས། ཚེ་འདིར་བསམ་གཏན་གྱི་དངོས་གཞི་སོགས་མེད་ དོ༑ ༑ཤེས་རབ་ཀྱི་བསླབ་པ་ནི། བདེན་བཞི་དང་བདེན་གཉིས་ཀྱི་གནས་ལུགས་རིགས་པས་ཅུང་ཟད་ངེས་ཤིང༌། ཁྱད་པར་ཟླ་གྲགས་དང༌། ཞི་བ་ལྷ་ཡི་ལུགས་ལ་ཤིན་ཏུ་མོས་པས། ལོ་ཆེན་པ་ཚབ་དང༌། སྐྱབས་མཆོག་ཡབ་སྲས་ཀྱི་བཞེད་པ་ལྟར༑ དབུ་མ་ཆེན་པོའི་སྐབས་སུ། དངོས་པོ་སྟོབས་ཤུགས་ཀྱིས་གྲུབ་པའི་ཚད་མ་ཁས་མི་ལེན་ལ། ལྟ་བའི་མཆོག་གི་གོ་བ་ནི་གཏིང་ཚུགས་པ་རྙེད་མོད། མྱོང་བ་