R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 36
[A:36]གསལ་བ་དང༌། ཇོ་ངན་དུ་གྲགས་པ་ལ་འཛོམས་པ་རྣམས་མིང་སྤེལ་དང་སྦྱར་བའི་ཟུང་རྒྱན་དུ་བྱས་པ་ཙམ་སྟེ། སྤྲོས་ན་ཡི་གེ་མང་བར་འགྱུར་རོ། །མདོར་ན། ལོ་ཉི་ཤུ་རྩ་བརྒྱད་པ་ལ། གསང་ཕུར་གྲྭ་སྐོར་བྱས་འཕྲལ་ནས་བཟུངས་ཏེ། གྲོགས་དན་འཆོས་མཁན་མང་དུ་བྱུང་བ་སོགས་མི་ཚེ་རིལ་པོ་ལས་ཁའི་གཙོ་བོ་མདོ་སྔགས་ཀྱི་འཆད་ཉན་འབའ་ཞིག་ཉིན་མཚན་དུ་བྱས་པས། རང་གི་བློ་གྲོས་འཕྲལ་དུ་འཕེལ་མོད། གཞན་གྲུབ་མཐའ་ལེགས་པར་འཛིན་ཅིང་རྣམ་ཐར་སྐྱོང་བ་ཆེར་མ་བྱུང་ཞིང༌། འཆད་ཉན་གྱི་གྲགས་པ་མ་ཐོབ་ནའང༌། དཔོན་སློབ་རེ་འཁང་ཅན་དུ་སོང་ནས་ལོག་སྒྲུབ་བྱེད་པ་ནི་མི་གཅིག་ཀྱང་མེད་དོ། ། གཉིས་པ་ནི། ཟབ་ཡངས་ཤེས་རབ་ཆུ་གཏེར་ཆེན་པོ་ལས། །ལེགས་བཤད་རིན་ཆེན་དབང་གི་རྒྱལ་པོ་ནི། །ཐུབ་བསྟན་རྒྱལ་མཚན་རྩེ་མོར་ལེགས་བཀོད་ནས། །དཔལ་འབྱོར་བཟང་པོ་སྩོལ་ལ། ཞེས་པ་སྟེ། བྱིས་པའི་དུས་ནས་ཚིགས་བཅད་རྩོམ་པ་ལ་ཤིན་ཏུ་རྩེ་ཞིང༌། རྗེ་བཙུན་འཇམ་དབྱངས་སོགས་ལ་བསྟོད་པ་གསོལ་འདེབས་བྱས་པ་ཡོད་ནའང༌། བཙུན་པ་མ་བྱས་གོང་གི་རྣམས་འཐོར་འདུག་སྤྱིར་གསུང་རབ་ཀྱི་ལེགས་བཤད་སྙིང་པོར་བསྡུ་བ་ལ་ཤིན་ཏུ་སྤྲོ་ཞིང༌༑ ཡིག་མཁན་གཞན་ལ་མི་ལྟོས། རང་ལ་ཡང་ཚེགས་ཆེན་པོ་མི་དགོས་པས། རྩོམ་ཆོས་གཞན་ལས་མང་ཙམ་ཡོད་མོད་ཀྱང༌། སྤྱིར་བཤད་པ་མང་པོ་དང༌། ཁྱད་པར་བྱ་བ་ལས་ཀྱི་འཁོར་ལོ་གཙོ་བོར་བྱས་ཤིང༌། ཆོས་དཔོན་དང༌། དབུ་མཛད་ཀྱི་གཞི་མཐུན་མ་བྱས་ན། དགེ་འདུན་དང་སྦྱིན་བདག་ཐུགས་ཡིད་མི་ཆེས་པར༑ ཚོགས་ཀྱི་ཆོས་སྤྱོད་ཆོ་ག་ལ་གཙོ་བོར་བྱས་པས་རྩོམ་ལོང་མེད་པའི་ངང་ལ་སོང་ངོ༌། །འོན་ཀྱང་སྐབས་གང་བྱུང་དུ་བརྩོན་འགྲུས་བྱས། བྱང་གི་རི་ཁྲོད་