R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 41
[A:41]ཡིས་འགྲོ་དོན་བྱས། །ཕྱོགས་རེ་མིན་པས་གཉིས་དོན་གྲུབ། །བསྡུ་དངོས་བཞི་ཡིས་ཕྲིན་ལས་བསྐྱངས་པའོ། །དང་པོ་ནི། བསླབ་པ་གསུམ་གྱི་ལུས་སྟོབས་མཐའ་དག་རྫོགས། །འཁོར་ལོ་གསུམ་གྱི་རལ་ཁུར་འཐོན་པོར་འཛིན། །སྡེ་སྣོད་གསུམ་གྱི་གད་རྒྱངས་ཆེར་སྒྲོགས་པས། །གདུལ་བྱ་གསུམ་གྱི་གངས་རི་སྐྱོངས་ལ་འདུད༑ ༑ཅེས་པ་སེང་གེ་ཆེན་པོའི་གཟུགས་སུ་བཀོད་པ་སྟེ། བསླབ་པ་གསུམ་གྱི་མཚན་ཉིད་ནི། འདུལ་བ། མདོ་སྡེ། མངོན་པའི་སྡེ་སྣོད་ཀྱི། རིམ་བཞིན་བསྟན་བྱའི་གཙོ་བོ་ལུས་ངག་གི་ཉེས་སྤྱོད་གཙོ་བོར་བསྡོམ་པ་དང༌། སེམས་ཀྱི་ཉོན་མོངས་མངོན་འགྱུར་གཙོ་བོར་གནོན་པ་དང༌། སེམས་ཀྱི་ཉེས་པའི་ས་བོན་དྲུང་ནས་འབྱིན་པའི་བསླབ་པ་རྣམས། ལྷག་པ་ཚུལ་ཁྲིམས་ཀྱི་དང༌། ཏིང་ངེ་འཛིན་གྱི་དང༌༑ ཤེས་རབ་ཀྱི་བསླབ་པའི་མཚན་ཉིད་ཡིན་ལ། དེ་གསུམ་གྱི་ཡོན་ཏན་ཤེས་བྱ་ལ་སྲིད་ཚད་མཐའ་མ་རྫོགས་ཀྱང་དུས་ལ་ལྟོས་ཏེ། གཙོ་བོའི་ཡོན་ཏན་མཐའ་དག་རྫོགས་ཞེས་བྱའོ། །འཁོར་ལོ་གསུམ་ནི། འདུལ་བ་ལུང་ལས་གསུངས་པ། བྱ་བ་ལས་ཀྱི་དང༌། ཀློག་པ་ཐོས་བསམ་གྱི་དང༌། སྒྲུབ་པ་ནན་ཏན་གྱི་འཁོར་ལོའོ། །དང་པོ་ནི། སློབ་དཔོན་གྱི་དུས། ཡོས་ལོའི་ཆོས་ཁྲིམས་པ་བྱས་ཏེ། སྐུ་འབུམ་གཉིས་ཀྱི་ཞིག་གསོས་དང༌། བཞུགས་ཚག་མཐའ་དག་ལག་བདར་སྟེ་བྱས༑ དེ་གོང་ལོ་ཤས་གྲྭ་ཚང་སོ་སོར་བསོད་སྙོམ་བྱས་པས་ས་ཕྱོགས་ལ་འགའ་རེས་ཀྱི་རྩོད་པ་ཆེན་པོ་བྱུང་ནས། རང་གིས་ཆུ་ལྷོའི་དབུ་མཛད་ལ་ཕྱིན་ཏེ། ད་ལྟ་བར་དུ་འཆོས་པའི་སྤྱི་བསོད་ཁྱད་པར་ཅན་འདི་བཅས། སྤྲེའུ་ལོ་ལ། ཆོས་རྗེ་སེམས་དཔའ་ཆེན་པོའི་བཀའི་ཐ་མ་དང་དུ་བླངས་ནས། དཔལ་གསང་བ་འདུས་པའི་བློས་ལོངསབསླངས་ལེགས་པར་སྦྱངས། གདན་སར་སླེབས་མ་ཐག་