R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 43
[A:43]མོས་སུ་བྱས་སོ། ། གསུམ་པ་ལ། རང་གིས་བསླབ་པ་ཕྱི་མ་གཉིས་ཀྱི་ཉམས་ལེན་རྩེ་གཅིག་པ་མ་བྱུང་ནའང༌། སྲོད་དང་ཐོ་རེངས་སོགས་གང་ཁོམ་འབད་རྩོལ་བྱས་ཤིང༌། གཙོ་བོར་ཚུལ་ཁྲིམས་ཀྱི་བསླབ་པའི་སྒྲུབ་པ་ཉམས་ལེན་ལ་འབད་པ་བཏོན། དགོན་པར་གཞི་གསུམ་གྱི་ཉམས་ལེན་གྱི་གཙོ་བོ་བྱས་པའི་བསླབ་ཁྲིམས་ལ་གཙོ་བོར་བྱས། དབྱར་དགུན་ཚོགས་ཆོས་ལ་འདུལ་བ་གཙོ་བོར་བཤད་པས། ད་དུང་གཞན་ཕལ་ཆེར་ལས། བཙུན་རྐང་བཟང་བ་ཤ་སྟག་སྟེ། གླེང་བརྗོད་ཡོད་པ་རེ་རེ་ཙམ་ལ་ཀུན་གྱིས་ཐན་ལྟས་སུ་བྱེད་པ་འདིའི་དོ་དམ་དང་བདག་རྐྱེན་ནི་བྱ་རྒྱུའི་གཙོ་བོ་ཡིན་པའི་ཁུར་འཁྱེར་བ་ཡིན་ནོ། །གཞན་ཡང་སྔགས་ཀྱི་སྒྲུབ་མཆོད་གསང་བ་འདུས་པ་ལུགས་གཉིས་ཀར་གྱི་བདག་འཇུག་ལོངས་པ་བརྒྱ་ཕྲག་བརྒལ་བས། ཆོ་འཕྲུལ་གྱི་ཟླ་བ་ཕྱེད་ལས་ཉུང་མི་སྲིད་པ། དུས་འཁོར་བ་ལྔ་བཅུ་སྐོར་གྱིས་དབྱར་སྟོན་བདག་འཇུག་ཚར་རེ་མའི་ཆོ་ག་ཆ་ལག་ཤིན་ཏུ་རྒྱས་པ་དང་བཅས༑ ཞག་སྔ་མ་དང་མཚུངས་པ། དེ་དག་གི་རིང་ལ་ཀྱཻ་རྡོར་བ་ལ་ལྔ་དྲུག་ཙམ་གྱི་སྒྲུབ་མཆོད། བདེ་མཆོག་ལོ་ཧི་པའི་སྒྲུབ་མཆོད་ཀྱང་སུམ་ཅུ་སྐོར་གྱིས་ཞག་བཅུ་སྐོར་སོགས་དང༌། རྒྱུད་དེ་དག་གི་སློབ་གཉེར་བ་མང་རབ་ལ། བཤད་པ་དང་བདག་རྐྱེན་གང་འགྲུབ། གཞན་ཡང་ལོ་མཚམས་པ་འགའ་རེའི་བདག་རྐྱེན་རྣམས་སོ། །གདུལ་བྱ་གསུམ་ནི། དབང་པོ་རྣོ་འབྲིང་རྟུལ་གསུམ་སྟེ། གཞན་རྣམས་རྟོགས་སླའོ། ། གཉིས་པ་ནི། རྒྱུད་སྡེ་རྣམ་བཞིའི་ཆུ་གཏེར་ཆེན་པོ་ལས། །དབང་མཆོག་རྣམ་བཞིའི་འཛམ་བུ་ཆུ་བོའི་གསེར། །བསྙེན་བསྒྲུབ་རྣམ་བཞིའི་སྦྱོར་བས་ལེགས་