R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 47
[A:47]ཉེས་བཤད་འབྱེད་པའི་ཤེས་རབ་གཉིས་ཕན་ཚུན་འདྲེན་པ་བཞིན་དུ་འཕེལ་བའི་སྨོན་ལམ་ཅུང་ཟད་ཐེབས་པར་གདོན་མི་ཟའོ། ། བཞི་པ་ནི། དྲི་མེད་བསླབ་གསུམ་རིན་ཆེན་གཞལ་མེད་ཁང༌། །ཀུན་གསལ་མཁྱེན་བརྩེའི་གཟི་འོད་རབ་ཏུ་འབར། །གཞན་ཕན་བསྡུ་བཞིའི་ཕྲིན་ལས་ཐེམ་སྐས་ཅན། །ཐུབ་བསྟན་སྒྲོན་མེ་མཆོག་ལ་གུས་ཕྱག་འཚལ། །ཞེས་པ། ཡོན་ཏན་གྱི་རྟེན་བསླབ་གསུམ་ནི་གཞལ་མེད་ཁང༌། བརྟེན་པ། རང་དོན་མཁྱེན་བརྩེ་ནི་འོད་སྟོང་འབར་བ་དང༌། གཞན་དོན་བསྡུ་བཞི་ནི། ཐེམ་སྐས་དང་སྐྱེ་ཚལ་དང༌། དཔག་བསམ་གྱི་ཤིང་ལ་སོགས་པའི་གཟུགས་སུ་བཀོད་ནས། འཇིག་རྟེན་གསལ་བྱེད་ཉི་མ་བཞིན་དུ། བསྟན་པའི་སྒྲོན་མེ་མཆོག་ཉི་མ་ལྟ་བུ་ཡིན་ཞེས་ པའོ༑ ༑གཞན་རྣམས་བཤད་ཟིན་ལ། བསྡུ་དངོས་བཞི་ནི། མདོ་སྡེ་རྒྱན་ལས། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང༌། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས།། སྙན་པར་སྨྲ་དང་དོན་སྤྱོད་དང༌། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་སྦྱིན་པ་ནི། ཕར་ཕྱིན་དྲུག་གི་ཟང་ཟིང་གི་སྦྱིན་པ་དང་མཚུངས། སྙན་པར་སྨྲ་བ་ནི། ཕྱིན་དྲུག་སོགས་ཀྱི་ལམ་དེ་དང་དེ་གསལ་བར་སྟོན་པ་དང༌། དོན་སྤྱོད་པ་ནི། བསྟན་པ་དེ་ཉམས་སུ་ལེན་དུ་འཇུག་པ་དང༌། དོན་མཐུན་པ་ནི། གཞན་ལ་གང་བསྟན་པ་དེ་བཞིན་དུ་རང་ཡང་ཉམས་སུ་ལེན་པའོ། །དེ་རྣམས་ལས། དང་པོ་ནི། སྦྱིན་ཤུགས་ཀྱི་ལོངས་སྤྱོད་ཆེ་ཚད་ནི་མ་བྱུང་ལ། གང་བྱུང་བླ་མའི་དུས་མཆོད་ལ་དམིགས་ཏེ། དགེ་འདུན་རྣམ་དག་ལ་གཏོང་བ་དང༌། བླ་མའི་དགོངས་པ་བསྐངས་ཕྱིར་དུ། ཞིག་གསོས་དང་རྟེན་བཞེངས་དང༌། དགེ་འདུན་འདུ་བའི་ཆེད་དུ༑ སྦྱིན་བདག་ལ་གཏོང་བ་སོགས་བྱས་ཏེ། རང་དོན་དུ་ཅུང་ཟད་ཀྱང་མི་འཛིན་