R1154: གཙང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པའི་ཁ་སྐོང་ཡིད་ཆེས་གསེར་གྱི་ལྗོན་པ།

  • Pagination (Witness A): 57
[A:57]ལེགས་པར་གྲུབ། དགེ་འདུན་གསར་བུ་བདུན་ཅུ་སྐོར་འདུ་བའི་བླ་ནས་ཕོགས་སྦྱོར་འཇགས་དང་གུར་བརྟག་སམ་བྷུ་ཊི་སོགས་ཀྱི་འཆད་ཉན་སྨར་བ་བྱུང༌། རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ་ཐུགས་སྲས་རྣམས་ཀྱི་ཐུ་བོ་བྲག་ནག་མཁས་གྲུབ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་གཙོ་བོར་གྱུར་པའི་གདུལ་བྱ་རྣམས་ལ་རྭ་འབྲོ་དགོངས་པ་གཅིག་ཏུ་གྲིལ་བའི་རྒྱུད་འགྲེལ་གྱི་བཤད་པ་དང༌། དུས་འཁོར་གྱི་བྱིས་པ་འཇུག་པའི་དབང་ནས་བརྩམས་ཏེ་དབང་བཞི་ཡོངས་སུ་རྫོགས་པ་བསྩལ། དུས་འཁོར་གྱི་དཀྱིལ་ཐང་དང༌། རྣམ་རྒྱལ་བུམ་པ། རྗེ་རང་གི་ཕྱག་དྲིལ་སོགས་དབང་རྫས་རྣམས་གནང་སྟེ། ཆོས་འཁོར་སྒང་གི་བསྟན་པ་བཀའ་གདམས་ཀྱི་བསྟན་པའི་རིགས་རྩོད་ལྡན་སྙིགས་མའི་ཡང་སྙིགས་མར་གྱུར་པ་དང༌༑ ལོ་ཆེན་ཐམས་ཅད་མཁྱེན་པའི་དགོང་གཏད་ལྟར་གནས་ཚད་རིང་བ་ཞིག་དཀའ་བས། དྲུང་པ་ཁྱེད་རང་ལ་དུས་འཁོར་གྱི་བཀའ་བབས་པ་ཡིན་པས་དཀྱིལ་འཁོར་ཡོང་རྫོགས་ཀྱི་ཆོ་ག་དང༌། རྒྱུད་འགྲེལ་གྱི་བཤད་ཐབས་སོགས་གཏིང་ཚུགས་པ་དགོངས་པར་བཞེས་པའི་ཁུར་བསྐྱེད་མཛོད་གསུངས། སྦྱོར་བ་ཡན་ལག་དྲུག་གི་ཁྲིད་རྗེ་རང་གི་ཡིག་ཆའི་ཐོག་ནས་ཁྲིད་རིམ་རྒྱས་བཤད་དང་བཅས་པ་མཛད། དེང་སང་གི་བར་དུ་བྲག་ནག་ཏུ་རྗེ་སྟག་ཚང་པ་ལུགས་ཀྱི་དུས་འཁོར་དང༌༑ གསང་འདུས་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ཆོ་ག་དར་ཞིང་རྒྱས་པའོ། །ཆོས་འཁོར་སྒང་པ་དང་རྟ་ནག་དགེ་སྦྱོང་དཀར་པོ། བཀྲ་ཤིས་སྡིང་པ་སོགས་དང་སྔ་སོར་ནས་མཆོད་ཡོན་འབྲེལ་ལམ་ལེགས་པས་ཆོས་དབར་འདེགས་བཞིན་པ་དང༌། ངེད་དང་ཁྲི་ཐོག་ཏུ་འཁོད་ནས་རྒྱལ་ཚབ་ཆོས་ཀྱི་དཔལ་འབྱོར་རབ་ཏུ་བྱུང་བ་ཡིན་པ་ནས་ཐམས་ཅད་དང་འབྲེལ་རྒྱུད་གུས་ཞེན་ཆེ་བས།