R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 115
[A:115]རྒན་པོ་བསམ་པ་རྙེད་པས་ཀྱང་གྲུབ་པར་དཀའོ། །དེ་ནས་སྲིད་པ་མཐའ་དག་མེ་འོབས་ལྟར་གཟིགས་པའི་ངེས་འབྱུང་དང༌། ཁྱད་པར་ཁྱིམ་ན་གནས་པ་ནི་ཉེས་པ་དུ་མའི་འབྱུང་ཁུངས་ཉམ་ཕར་གཟིགས་པ་དང༌། བྱེ་བྲག་དུ་སྐུ་ཚེ་འདིའི་ཆེད་དུ། བྱ་བའི་གཙོ་བོ་ཡིན་པ་ལ་དགོངས་ནས། དགུང་ལོ་བཅུ་ལ་ཉེ་བའི་སྐབས་སུ། འཇམ་དབྱངས་བར་མ་ཆད་པར་བྱོན་པའི། འཁོན་གྱི་གདུང་རྒྱུད་རྣམ་པར་དག་པ༑ སྟོན་པ་ཐུབ་པའི་ཆོས་ཀྱི་རྒྱལ་སྲིད་མཐའ་དག་ཡོངས་སུ་རྫོགས་པར་སྐྱོང་བའི་ཆོས་ཀྱི་རྒྱལ་པོ་ཆེན་པོ་འགྲོ་བའི་བླ་མ་བསོད་ནམས་རྒྱ་མཚན་དཔལ་བཟང་པོའི་དྲུང་དུ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཏེ། ཁ་ན་མ་ཐོ་བ་དང་བཅས་ཤིང་རྒོད་པ་དང་བརྒྱགས་པ་འཕེལ་བར་བྱེད་པ་ཁྱིམ་པའི་རྟགས་དང་ཆ་ལུགས་ནི་ཡོངས་སུ་སྤངས། གང་ཞིག་ས་ལ་རེག་པ་ཙམ་ཡང་དཀར་ཕྱོགས་ཀྱི་ལྷས་སླངས་ཏེ་བསྲུང་ཞིང་མཆོད་པར་བྱེད་ཅིང༌། ཚལ་བུ་འགུལ་དུ་ཐོགས་པ་ཙམ་ལ་ཡང་ནག་ཕྱོགས་ཀྱིས་བླགསགླགས་མི་རྙེད་པར་འགྱུར་བ། དེ་བཞིན་གཤེགས་པའི་ནམ་བཟའ་ངུར་སྨྲིག་ནི་བགོས། བསམ་པ་དང་རྟགས་བརྗེས་པའི་དྲན་པ་བསྲུང་བར་བྱེད་པའི་རྟེན་དུ་གྱུར་པ། མཚན་ཡང་སེང་གེ་རྒྱལ་མཚན་དཔལ་བཟང་པོ་ཞེས་བརྟགས་ནས་རྒྱལ་བའི་བསྟན་ལ་ལེགས་པར་ཞུགས་ཤིང་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ། ཤྭཀྱའི་སྲས་པོ་ཟླ་དང་བྲལ་བར་གྱུར་ཏོ། །སྔོན་ཚེ་ཡོན་ཏན་ཡོངས་རྫོགས་བགྲེས་པའི་སྐུ། །མཛེས་མིན་འབྲོག་ཀློག་ལྕང་ལོའི་སིལ་གྲིབ་ཅན། །འདིར་ནི་ལང་ཚོས་བརྒྱན་པའི་གཞོན་ལུས་ཀྱང༌།། ཡིད་འཕྲོག་ངུར་སྨྲིག་དཔལ་གྱི་ལྷམ་མེརའོ། །དེ་ནས་དེ་མ་ཐག་ནས། ཆོས་འདུལ་བའི་ཚིག་དོན་ཀྱི་རིགས་པ་ལ་སྦྱངས་ཏེ། བསླབ་པའི་གནས་ལ་གཅེས་སྤྲས་ལྷག་པར་