R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 114
[A:114]དག་ལ་ཤིན་དུ་མཁས་པའི་གོ་འཕང་བརྙེས་པས་དེ་དག་གི་སློབ་དཔོན་རྣམས་ཀྱིས་ཀྱང་བསྟོད་པ་དང་སྙན་པར་བརྗོད་པ་དང་ཕུ་དུད་དུ་བྱ་བས་མཆོད་པར་གྱུར་ཏེ༑ ཆབ་ཀློག་དང་ཡི་གེ་ལ་ནི། བླ་མ་འདི་ལས་ཕུལ་དུ་བྱུང་བ། བདག་གིས་གང་དུ་ཡང་མ་མཐོང་ལ། དེ་དག་གིས་སྤྱན་འགེངས་པ་ཡང་ཤིན་ཏུ་དཀའ་བ་ཞིག་སྣང་ཏེ། ཀློག་བཟང་ངན་ཅི་འདྲ་ཞེས་གསུངས་པ་ལ། དུམ་པ་བཀྲིལ་ཙམ་གཅིག་ཤེས་ལགས་ཞུ་བ་བྱུང་ན། དེ་འདྲའི་ཀློག་གིས་ཅི་ཉན་ཞེས་གསུང་ངོ༌། །དེ་ལྟར། ཡོན་ཏན་དོན་དུ་གཉེར་བ་དང་ཆོས་ལ་གུས་པ་ཉིད་ཀྱིས་ཆོས་སྟོན་པ་པོར་མ་ཟད། ཡིག་ཀློག་གཏེར་བའི་སློབ་དཔོན་ཙམ་ལ་ཡང་ཤིན་ཏུ་གུས་པས་བཀུར་སྟི་མཛད་ཅིང༌༑ དེ་དག་གི་བཀའ་དྲིན་ཡང་རྒྱུན་དུ་དྲན་པས་བྱས་པ་ཤེས་ཤིང་བྱས་པ་བཟོ་བའི་གནས་ལ་ལྷག་པར་གནས་ཏེ། ཕྱག་རྡོར་དབང་བཀུར་བའི་རྒྱུད་དུ། ཚིགས་བཅད་ཙམ་ཞིག་ཉན་པ་ལ། །སློབ་དཔོན་ཉིད་དུ་མི་འཛིན་ན། ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། ཞེས་གསུངས་པ་ལྟ་བུ་ཆོས་ཀྱི་གཞུང་ལུགས་སུ་མ་ཟད། འཇིག་རྟེན་གྱི་གཞུང་ལུགས། ཙ་ན་ཀའི་བསྟན་བཅོས་ལས་ཀྱང༌༑ ཡི་གེ་ཙམ་གཅིག་གཏེར་བ་ཡི། །སློབ་དཔོན་ལ་ཡང་ཕྱག་མི་བྱེད། ཁྱིའི་སྐྱེ་བ་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། ཞེས་བཤད་པ་ལྟ་བུ་ཡང་བླང་དོར་ཕྱག་ལེན་ལ་མཛད་པ། རིན་ཆེན་ཕྲེང་བར། ཕ་མ་སྲིད་ཞུ་ལྷུར་ལེན་དང༌༑ ༑རིགས་ཀྱི་གཙོ་ལ་རིམ་གྲོ་དང༌། །ལོངས་སྤྱོད་ལེགས་སྤྱད་བཟོད་གཏོང་ལ༑ ༑ཚིག་འདམ་ཕྲ་མ་མེད་བདེན་པའི། །བརྟུལ་ཞུགས་ཆེ་གཅིག་བྱས་པས་ ཀྱང༌༑ ༑ལྷ་ཡི་དབང་པོ་ཉིད་ཐོབ་ནས། །ད་དུང་དུ་ཡང་ལྷ་དབང་བགྱིད། ཅེས་གསུངས་པ་ལ་ཐུགས་དམ་མཛད་དེ། བྱིས་པ་གཞོན་ནུའི་ངང་ཚུལ་དེ་ལྟ་བུ་ཡང༌།