R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 117
[A:117]སུ༑ ནུབ་ཆོས་ལུང་གི་མཁན་ཆེན་གྲགས་པ་ཚུལ་ཁྲིམས་པ་དེ། བདག་ཆེན་དེས་རྫོང་ཁར་སྤྱན་དྲངས་ཏེ་བཀའ་ལུང་མན་ངག་མང་དུ་གསན་པ་རྣམས་ལྷན་ཅིག་ཏུ་གསན༑ ཁྱད་པར་དཔོན་སློབ་གཉིས་ཀས་སྦྱོར་བ་ཡན་ལག་དྲུག་པ་ལ་རྩལ་དུ་བཏོན༑ སླར་ཡང་ཆོས་ལུང་རང་དུའང་དཔོན་སློབ་ལྷན་ཅིག་ཕེབས་ནས། ཆོས་བཀའ་དུ་མ་དང༌། སྦྱོར་དྲུག་སྐྱར་ནས་གསན་པའི་ཚེ། སོར་བསམ་གྱི་རྟོགས་པ་ཁྱད་པར་ཅན་འཁྲུངས། དེ་དུས། བདག་པོ་འཇམ་དབྱངས་པས་སྟེང་དུ་མུན་ཁང་མཛད༑ རྗེ་འདི་དང༌། བླ་མ་བརྩོན་ཤེ་བ་ཞེས་བྱ་བ་སྦྱོར་དྲུག་གི་རྟོགས་པ་ལེགས་པོ་ཡོད་པ་གཅིག་གཉིས་ཐབས་གཅིག་ཏུ་འོག་ཏུ་མུན་ཁང་ཕན་ཚུན་དུ་བཞུགས་པ་ན། གཉིས་ཀས། དྲུང་བདག་པོ་བ་སྟེང་ན་མནལ་དུ་སོང་མ་སོང་དང་སྐུའི་ཚུགས་ཇི་ལྟར་འདུག་ལ་སོགས་མཉམ་དུ་གཟིགས་པས། བླ་མ་བརྩོན་ཤེ་བ་དེ་མཉེས་ནས། ད་ཁྱོད་ལ་མཚན་ཉིད་ཀྱི་སློབ་གཉེར་བྱེད་པའི་འདུན་པ་གཅིག་ཡོད་པ་འདྲ་སྟེ། ཐུགས་དམ་ཁྱད་པར་ཅན་འདུག་པ་འདི་ཀ་བྱས་ན་ལེགས་སོ་ཞེས་ཟེར་བ་ལ་སོགས་བྱུང་ནའང༌། ཐོག་མར། ཚུལ་གནས་ཐོས་དང་བསམ་ལྡན་པས༑ སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་དང༌། བཟོད་བྱ་ཐོས་པ་རྩལ་བར་བྱ།། དེ་ནས་ནགས་སུ་འགྲོ་བར་བྱ། །མི་སྡུག་ལ་སོགས་སྒོམ་བྱ་ཞིང༌། །ཞེས་སོགས་ཀྱི་བསྟན་པའི་འཇུག་རིམ་དང༌། །དང་པོར་འདི་ན་ཐོས་པ་ལ་རྟེན་ཡིད་ལ་བྱེད་པ་འབྱུང༌༑ ཚུལ་བཞིན་ཡིད་ལ་བྱེད་པས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང༌། ཞེས་སོགས་དང༌། ཟླ་བ་སྒྲོན་མེའི་མདོར། ཐོས་པས་ཆོས་རྣམས་ཤེས་པར་འགྱུར།། ཐོས་པའི་སྡིག་ལས་བཟློག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང༌། །ཐོས་པས་རྣམ་པར་གྲོལ་བ་ཐོབ། །ཅེས་སོགས་གསུངས་པའི་ཐོས་པའི་ཕན་ཡོན་