R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 123
[A:123]ཉ་ར་མཁས་པོ་བྱུང་ན་ལོ་མང་པོར་ཡང་མི་སངས་ཤིང༌། འཕྲལ་དུ་གོན་ན་ཡང་དྲི་ངད་ཁྱད་པར་ཅན་ཟླ་རེ་ཙམ་དུ་འབྱུང་བ་ཡོད་པ་ཀུན་གྱི་མངོན་སུམ་དུ་གྱུར་ཏོ།། དེ་དག་གི་འཚམས་རྣམས་སུ། །སྐུ་ཚེ་དཔག་ཏུ་མེད་པའི་སྔོན་རོལ་ནས་དཔོན་སློབ་ཀྱི་འབྲེལ་པ་མ་ཉམས་པའི་སློབ་དཔོན་དགེ་བའི་བཤེས་གཉེན་ལམ་སྟོན་པ་པོར་གྱུར་པ། ཇོ་བོ་དཔལ་ལྡན་ཨ་ཏི་ཤའི་རྣམ་འཕྲུལ་ཆོས་ཀྱི་རྒྱལ་པོ་ལོ་ཆེན་སྐྱབས་མཆོག་དཔལ་བཟང་པོའི་ཞབས་ཀྱི་དྲུང་དུ། མདོ་སྔགས་ཀྱི་གསུང་རབ་ཟབ་པ་དང་རྒྱ་ཆེ་བ་མང་པོའི་གཞུང་དང་འགྲེལ་པ་དང༌། དབང་དང་བཤད་པ་དང་མན་ངག་ལ་སོགས་པ་མཐའ་ཡས་པ་དག་ཐོག་མཐའ་བར་གསུམ་དུ་གསན་ཅིང༌༑ གཞན་ཡང་མཁན་ཆེན་གྲགས་ཚུལ་བ་དང༌། རྒྱལ་བཟངས་པ་དང༌། གཉན་སྟོན་ཉི་མ་བཟང་པོ་བ་དང༌། རྒྱ་སྟོན་ནོར་བུ་རིན་ཆེན་པ་དང༌། རྒྱ་སྟོན་སངས་རྒྱས་པ་དང༌། རྟོགས་དན་ཤེར་བཟང་པ་དང༌། བླ་མ་ཐབས་བློ་བ་དང༌། དཀའ་བཞི་བ་རིན་ཆེན་རྒྱ་མཚན་པ་དང༌། བླ་མ་དཔལ་འབྱོར་བ་ལ་སོགས་པ་རྣམས་ཀྱི་དྲུང་དུ་ཡང་མདོ་མང་ཀྱི་ལུང་ལ་སོགས་པའི་མདོ་ཕྱོགས་དུ་མ་དང༌། རྒྱུད་སྡེ་བཞི་ལ་བརྟེན་པའི་དབང་བཤད་མན་ངག་ལ་སོགས་པའི་སྔགས་ཆས་དུ་མ་ངོས་མི་ཤེས་པའི་ཚུལ་དུ་ཉིན་མཚན་དལ་མེད་དུ་གསན་ཏེ། རྒྱས་པར་ཡི་གེ་མང་པས་འཇིགས་ནས་མ་བྲིས་སོ། །དེ་དག་ནི་རང་གཞན་སྨིན་པར་མཛད་ཚུལ་མདོ་ཙམ་དུ་བརྗོད་ལ། ད་ནི་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་མཛད་ཚུལ་ལ། །མཁས་པ་མགུ་བ་སྐྱེད་ཚུལ། །སློབ་དཔོན་གྱི་བྱ་བ་མཛད་ཚུལ། །རྒྱ་ཚབ་གྱི་ཁུར་ཆེན་བཞེས་ཚུལ་ལོ༑ ༑དང་པོ་ནི་གངས་ཅན་མཁས་པའི་སྐྱེ་ཚལ་དུ་མ་རུ། །རྣམ་དག་གསུང་རབ་