R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 124
[A:124]ཟློར་གར་སྟོང་ཕྲག་ལ། །ལེགས་པར་སྦྱངས་པའི་ལུང་རིགས་རྣམ་འགྱུར་གྱིས།། མཁས་མང་མགུ་བར་མཛད་པ་དེ་ལ་འདུད། །ཅེས་པ་སྟེ། དེ་ལྟར་སྙེན་རྫོགས་མཛད་ནས་ཡུན་རིངས་མ་ལོན་པ་ཞིག་གིས་དུས་སུ། ཕར་ཚད་གཉིས་ཀྱི་ཚིག་དོན་ལ་ལེགས་པར་སྦྱངས་པའི་བློ་གྲོས་ཀྱི་ལུས་ཤིན་དུ་མཛེས་པ་ཀུན་གྱིས་ཡིད་འཕྲོག་པ་དེ་ཉིད། དྲི་ལ་མེད་པའི་ཚུལ་ཁྲིམས་ཀྱི་གོས་བཟང་པོས་ནི་བླུབསབཀླུབས་། ཡོན་ཏན་རིན་པོ་ཆེ་དུ་མའི་ཅོད་པན་དང་གདུབ་བུ་ལ་སོགས་པས་ནི་ལྷག་པ་བརྒྱན། ལེགས་པར་བཤད་པ་ཟད་མི་ཤེས་པའི་གླུ་དབྱངས་ཀྱིས་མགུལ་གྱི་བུམ་པ་ལེགས་པར་བཀང་སྟེ། བྱང་ཕྱོགས་གངས་རིའི་ལྗོངས་ཀྱི་ལེགས་བཤད་ལྷུར་ལེན་པའི་མཁས་པ་བརྒྱ་ཕྲག་དང་སྟོང་ཕྲག་གིས་མངོན་པར་བརྩེ་བའི་དགའ་ཚལ་ཆེན་པོ། དཔལ་ལྡན་ས་སྐྱ་དང་བྱང་ངམ་རིངས་དང་བཟང་ལྡན་དང་ཤེལ་དཀར་དང༌། གནས་རྙིང་དང་གནརསྣར་ཐང་དང་ཡ་འབྲོག་དང་རྩེད་ཐང་དང་གསང་སྡེ་གུང་གསུམ་ལ་སོགས་པ་རྣམས་སུ། བཅོམ་ལྡན་ཆེན་པོ་གྲགས་པ་འཕེལ་དང་དཔོན་སློབ་ཐབས་གཅིག་ཏུ་གྲྭ་སྐོར་ལ་བྱོན་ཏེ། མཁས་པ་དག་གི་མདུན་དུ་གཞུང་ལུགས་དྲི་མ་མེད་པའི་ཚིག་དོན་གྱི་གླུ་དབྱངས་ཆགས་ཐོགས་མེད་པར་སྒྲོག་ཅིང༌། རྣམ་པར་དག་པའི་ལུང་དང་བཟོད་པར་དཀའ་བའི་རིགས་པའི་རྣམ་རོལ་གྱིས་སྒེག་པ་དང་ཆགས་པ་དང་རྒོད་པ་དང༌། རྔམ་ཞིང་དཔལ་བ་ལ་སོགས་པའི་རྣམ་འགྱུར་དུ་མའི་ཟློས་གར་གྱིས་ཉིན་མཚན་འདས་པར་མཛད་པས། མཁས་པའི་དབང་པོ་རྣམས་ཀྱང་དགའ་བ་དང་མགུ་བ་དང་རངས་པ་དང་ཡིད་ཚིམས་པ་དང༌། ལྷག་པར་དད་པར་གྱུར་ཏེ། ཕར་ཚུར་ཉི་སྦྲེལ་གྱི་གྲྭ་སྐོར་བ་ཇི་སྙེད་བྱུང་ཏེ། འདི་ལྟ་བུའི་གཞུང་ལ་འདྲིས་པ་དང་ཆོས་སྐད་ལ་