R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 127
[A:127]གཅིག་བརྗོད་པའི། །ཕན་ཡོན་དེ་ལ་བསྐྲུནབསྒྲུན་པརནུས་མ་ཡིན། །ཞེས་དང༌༑ ཆོས་ཀྱི་སྦྱིན་པ་དྲི་མེད་པས། །ཚེ་རབས་དྲན་པ་ཐོབ་པར་འགྱུར། །ཅེས་དང༌༑ བྱང་ཆུབ་སེམས་ནི་སྐྱེ་བ་དང༌། །མི་སྐྱེ་བ་ཡི་བཟོད་ཉིད་དང༌། །དྲི་མེད་མིག་ནི་དམན་པ་དང༌། །ཟག་པ་ཟད་པ་ཉིད་དང་ནི། །དམ་ཆོས་ཡུན་རིང་གནས་པ་དང༌། །བྱེ་བྲག་ཤེས་གཅོད་ལོངས་སྤྱོད་ཉིད། །དེ་ལ་ཞུགས་པ་བློ་ལྡན་གྱིས།། བཤད་པའི་འབྲས་བུ་ཡིན་ཞེས་བྱ། །ཞེས་སོགས་གསུངས་ཤིང༌། །གཞན་ཡང༌། ཆོས་བཤད་པས། སངས་རྒྱས་མཆོད་པའི་མཆོག་ཏུ་འགྱུར་བ་དང༌། སེམས་ཅན་བསྡུད་པའི་ཐབས་ཀྱི་གཙོ་བོ་ཡིན་པ་དང༌། བསྟན་པ་རིང་དུ་གནས་པ་དང༌། སློབ་མའི་གཏི་མུག་ཤེས་རབ་ཏུ་བསྒྱུར་བ་ལ་སོགས་པའི་ཕན་ཡོན་གཟིགས་པའི་སྙིང་རྗེ་ཆེན་པོས་ཀུན་ནས་བླང་ཏེ། ཉིན་མཚན་ཐམས་ཅད་དུ་དུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་ཆེན་པོས་འཆད་པར་མཛད་དོ། ། གསུམ་པ། རྒྱལ་ཚབ་ཀྱི་ཁུར་ཆེན་བཞེས་པ་ནི། ཐུབ་དབང་གཉིས་པ་སྐྱབས་མཆོག་ཆོས་རྗེ་ཡི། །རྒྱལ་ཚབ་མཆོག་དུ་མངོན་པར་དབང་བཀུར་ནས།། ཆོས་ཀྱི་རྒྱལ་སྲིད་ཡར་ངོའི་ཟླ་བ་ལྟར། །གོང་ནས་གོང་དུ་རྒྱས་པར་མཛད་ལ་འདུད༑ ༑ཅེས་སོགས་སྟེ། །བླ་མ་དམ་པ་འདིས་དགུང་ལོ་ཞེ་བཞི་བཞེས་པ་ལྕགས་ཕོ་འབྲུག་གི་ལོ་ལ་ཆོས་ཀྱི་རྒྱལ་པོ་ཆེན་པོ་སྟོན་མཆོག་ཐུབ་དབང་དང་ཐ་མི་དད་པའི་ལོ་ཆེན་ཐམས་ཅད་མཁྱེན་པ་སྐྱབས་མཆོག་དཔལ་བཟང་པོའི་ཆོས་ཀྱི་སེང་གེའི་ཁྲི་ཆེན་པོ་ལ་ཉེ་བར་བཞག་ཏེ། གསུང་རབ་རིན་པོ་ཆེའི་ཅོད་པན་སྤྱི་བོར་བཅིངས་ནས་ཆོས་ཀྱི་རྒྱལ་སྲིད་མཐའ་དག་ཡོངས་སུ་རྫོགས་པར་གཏད་དེ། རྒྱལ་ཚབ་དམ་པར་དབང་བཀུར་བར་གྱུར་པ་ན། དང་པོར། མཁའ་ལྡིང་གིས་