R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 128
[A:128]གཤེགས་བཤུལ་དུ་ནྱེའུ་མི་བགྲོད་ཅིང༌། གླང་པོ་ཆེན་པོའི་ཁལ་བེའུས་འཁུར་བར་མི་ནུས་སོ་ཞེས་ཡུལ་གཞན་དུ་འབྲོས་པ་དང་ཤད་ཀྱིས་སྦྱང་པ་ལ་སོགས་པ་མཛད་ཅིང༌༑ འཕྲལ་དུ། བདག་ཉིད་ཆེན་པོ་འདི་བས་མཁས་པར་རློམ་པ་དང་ཆེ་བར་རློམ་པ་ཡང་དུ་མར་ཡོད་ཀྱང༌། སྔོན་གྱི་དུས་སུ་ཁུ་སྟོན་ཆེན་པོ་དང༌། རྔོག་ལེགས་པའི་ཤེས་རབ་དང༌། ལོ་ཚ་བ་ནག་ཚོ་དང༌། རོང་པ་དགེ་བ་ལ་སོགས་པ་ཆེན་པོ་དང་དྲེགས་པ་ཅན་དུ་མ་ཡོད་ཀྱང༌། ཇོ་བོ་ཆེན་པོའི་ཆོས་ཀྱི་རྒྱལ་སྲིད་སྟོན་པ་རིན་པོ་ཆེ་ལ་གཏད་པ་ཇི་བཞིན་དུ་རང་གཞན་སུས་ཀྱང་ཟློག་པར་མ་ནུས་པར། ཆོས་ཀྱི་རྒྱལ་པོ་ཆེན་པོའི་བཀའི་ཅོད་པན་སྤྱི་བོར་བླངས་ཏེ། ཆབ་འོག་མཐའ་དག་ལ་བཀའི་འཁོར་ལོ་ལེགས་པར་བསྐོར་ནས། མ་རྒྱལ་བ་ལས་རྒྱལ་བ་དང་རྒྱལ་བ་གནལ་དུ་འགོད་པ་དང༌། ཚར་གཅད་དང་རྗེས་སུ་བཟུང་བ་ལ་སོགས་པའི་བཀའ་ཁྲིམས་ཀྱི་རྔ་བོ་ཆེ་ཆེན་པོ་བརྡུངས་ཤིང༌། ཆོས་ཀྱི་རྒྱ་མཚན་ཆེན་པོ་ལྷག་པར་བགྲེངསྒྲེང་བ་ལ་བརྩོན་པར་གྱུར་རོ། །དེ་ཡང་ལོ་གཉིས་ཀྱི་བར་དུ། རྫོང་ཁ་ཆོས་སྡེ་དང་རི་ཁུད་ཆོས་སྡེ་གཉིས་ཀར་བཟུང་ནས་གཉིས་ཀའི་དགེ་འདུན་གྱི་སྡེ་སྐྱོང་པ་དང་གདུལ་བྱ་རྣམས་ལ་གང་ལ་གང་འདུལ་གྱི་ཆོས་འཆད་པ་དང་གདམས་པ་དང་རྗེས་སུ་བསྟན་པ་ཚིམ་པར་མཛད་ཅིང་རོད་དུ་རུང་བའི་སྐྱ་སེར་དུ་མ་ལ་དབང་བཀུར་བ་དང་ལུང་འབོགས་པ་དང་མན་ངག་སྦྱིན་པ་དང༌། བདག་ཉིད་ཀྱང་བསྙེན་པ་དང་སྒྲུབ་པ་དང་དེ་དག་གི་ཁ་སྐོང་དང་བར་ཆད་ཞི་བ་དང་སོགས་པའི་ཆེད་དུ་གར་ཕེབས་སུ་སྦྱིན་སྲེག་གི་ཆོ་ག་ཁྱད་པར་ཅན་མཛད་པ་ལ་སོགས་པས་དུས་འདའ་བར་མཛད་ཅིང༌། དེ་ནས། ཆུ་ཕོ་རྟའི་ལོ་ལ། ཆོས་རྗེ་ལོ་ཆེན། གནམ་རྩེ་ལྡེང་གི་དབྱར་གནས་ཆོས་འཁོར་ཆེན་མོ་ལ་ཐེགས་རྗེས།