R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 131
[A:131]དྲིན་ཤིན་དུ་ཆེ་བས། བདག་ལེགས་སུ་འདོད་པ་རྣམས་ཀྱིས་འདིའི་བྱས་ཤེས་དང་དྲིན་རྒྱུན་དུ་བསམ་པར་བྱའོ། །དེ་ནས་བཟུང་སྟེ། སྟག་ལོ་ཟླ་བ་བཅུ་པའི་ཉེར་ཅིག་གི་བར་ལ། ཆོས་ཀྱི་རྒྱལ་པོ་ལོ་ཆེན་གྱིས་དགོན་པ་འདི་གཞི་གཟུང་ཐུགས་ཕབ་པའི་སྒོ་ནས་འཆད་རྩོད་རྩོམ་གསུམ་དང༌། ཁྱད་པར་འདུལ་བའི་ངང་ཚུར་གཙོ་བོར་མཛད་པའི་འཕྲིན་ལས་ཀྱི་ཕྱག་ཕྱི་ལེགས་པར་མཛད་དེ། ཉིད་ཀྱིས་ཀྱང་འཆད་པ་དང༌། རྩོད་པ་དང་རྩོམ་པ་དང༌། དགེ་འདུན་གི་སྐྱོང་དར་དང༌། སྦྱིན་བདག་གི་བསམ་པ་བསྐང་བ་ལ་སོགས་པ་བླ་མའི་ཞབས་ཏོག་དང་རྒྱལ་བའི་བསྟན་པ་སྤྱིད་དགོས་ཀྱི་གསོས་སུ་འགྱུར་ངེས་ཐམས་ཅད་ལ་བརྩོན་པ་གོང་ནས་གོང་དུ་འཕེལ་བར་མཛད་པས། ཀུན་གྱིས་བསྟོད་པ་དང་བཀུར་སྟི་དང་ཕུན་སུམ་ཚོགས་པ་ཐམས་ཅད་ཆེས་ཆེར་རྒྱས་པར་གྱུར་ཏཽ། །དེ་ནས། དམ་པའི་དགོངས་པ་རྫོགས་ཕྱིར་བརྩོན་པས་ན། །གངས་ཅན་སྐྱེ་བོས་བསམ་ལས་འདས་གྱུར་པའི། ། མཛད་པ་ཀུན་ལ་བརྩོན་པའི་ཁུར་ཆེན་བཞེས། །སྙིང་སྟོབས་རྨད་དུ་བྱུང་བ་དེ་ལ་འདུད། ཅེས་པ་ནི། ཆོས་ཀྱི་རྒྱལ་པོ་ལོ་ཆེན་དེ་ཉིད་ཞིང་གཞན་དུ་གཤེགས་མ་ཐག་ནས། ཕྱོགས་ཀྱི་སྦྱིན་བདག་དང་བུ་སློབ་མཐའ་དག་བསྡུས། བུ་ཆེན་གྱི་གཙོ་བོ་ཤང་པ་ཀུན་མཁྱེན་ཆེན་པོ་ཤེས་རབ་དཔལ་བཟང་པ་དང༌། ཆོས་ལུང་རིན་པོ་ཆེ་བསོད་རིན་པ་ལ་སོགས་པས་ཐོག་དྲངས་པའི་དགེ་བའི་བཤེས་གཉེན་བཟང་ལ་མང་བ་ཕེབས་པའི་ཚོགས་དཔོན། ཧོར་རྒྱལ་པོ་སེ་ཆེན་གན་གྱི་དབོན་པོ་རྒྱལ་བན་གཞོན་ནུ་ཐེང་ངེ་ཞེས་བྱ་བ། ཆོས་རྗེ་ལོ་ཆེན་ཉིད་ཀྱི་མཁན་བུར་གྱུར་པ། རྒྱལ་བུ་དགེ་སྦྱོང་བུད་དྷ་ཤྲཱི་བྷ་དྲ་ཞེས་བྱ་བས་མཛད་པའི་དགེ་འདུན་རྣམ་དག་བརྒྱ་ཕྲག་བདུན་བརྒྱད་ཙམ་གྱིས་ཞག་མང་པོའི་བར་དུ་གསོལ་འདེབས་མཛད།