R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 133
[A:133]ཉི་ཤུ་གཅིག་གི་དྲོ་སྔ་ཇ་དང་བཅས་པ་སྤར་ཞིང༌། ཧོར་ཟླ་བཅུ་པའི་ཉི་ཤུ་ནས་ཉི་ཤུ་ལྔའི་བར་དུ་དུས་སྟོན་ཆེན་པོ་བཟང་ཞིང་གྱ་ནོམ་པ་དང་བཅས་པ་ཆག་མེད་དུ་བཙུགས་པས་ཀྱང་སྐྱ་སེར་ཐམས་ཅད་སྔར་བཞིན་དུ་གྱུར། ནང་རྟེན་གྲུབ་པའི་ཕྱིས་ལོ། ཆུ་ཕོ་འབྲུག་ལོའི་དཔྱིད་ཕྱི་རྟེན་ཆེན་མོ། བྱང་ཆུབ་ཆེན་པོའི་མཆོད་རྟེན་ཁྲི་ལ་ཕྱག་འདོམ་ལྔའི་ཞེང་དང༌། འཕང་དུ་ཁྲུ་དྲུག་བཅུ་པ་ཕྱག་ཚད་རགས་པ་དང་ལྡན་པ། སྔོན་ཆད་གཡས་རུ་བྱང་གི་ཕྱོགས་འདིར་མཐོང་མ་མྱོང་བས་ཀུན་གྱི་མིག་གི་བདུད་རྩི་གྱུར་པ། ངོ་མཚར་ཆེན་པོ་གྲངས་མེད་པའི་གཟི་འོད་འབར་བ་ཆར་ཁེབས་ཀྱི་གྱོ་མོ་དང་བཅས་པ་ཟླ་བ་ཕྱེད་དང་བཞི་ཙམ་གྱི་ནང་དུ་རྫོགས་པར་མཛད་དེ། དགེ་འདུན་དང་སྐྱེ་བོའི་ཚོགས་བགྲང་བ་ལས་འདས་པ་བསགས་ནས་རབ་ཏུ་གནས་པའི་མངའ་གསོལ་རྒྱས་པ་དང་བཅས་པ་གྲུབ་པར་མཛད་དེ་ཡང་ཕྱིའི་གཟུགས་གང་འགྲུབ་ལ་གཙོ་བོར་སྟོན་པ་ཙམ་གྱིས་མཆོད་རྟེན་མཚན་ཉིད་རྫོགས་པར་མི་འགྱུར་བས། གསར་བུ་ལས་བྱ་བར་འོས་པ་རྣམས་ཀྱིས་འཁར་ལས་ལ་འབད་པ་དང༌། དགེ་བའི་བཤེས་གཉེན་ཁྱད་པར་ཅན་མང་པོ་དང་དགེ་སློང་ཚུལ་ཁྲིམས་དག་པ་མང་པོས། གཙུག་གཏོར་དྲི་མེད་ཀྱི་འགྲེལ་པ་ནས་འབྱུང་བ་བུ་སྟོན་ཡབ་སྲས་ཀྱི་བསྡུས་པའི་ཆོ་ག་ཇི་ལྟ་བ་བཞིན་གྱི་གཟུངས་དང་བཅས་པའི་ཚ་ཚ་འབུམ་ཕྲག་བགྲང་བ་ལས་འདས་པ་རྣམས་ལ་གོས་དར་གྱི་གདུགས་མཚོན་སྙསྣ་ལྔ་པས་བརྒྱན་པ་རྣམས་ལ་རབ་གནས་ལེགས་པར་བྱ་སྟེ། དབུ་ཞབས་ཅུང་ཟད་ཀྱང་མ་ལོག་པར་བཞུགས་སུ་གསོལ་བ་དང༌། དགོན་པ་ལ་ཞལ་གཟིགས་པའི་བུམ་པའི་རེ་མིག་དུ། ཆོས་རྗེའི་སྐུ་འདྲ་དང་ནམ་བཟའ་དང་བཀའ་ཆེན་བཞི་ལ་སོགས་པའི་མདོ་སྔགས་ཀྱི་གསུང་རབ་དུ་མའི་རྒྱ་དཔེ་