R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 136
[A:136]བྲང་གི་བླ་བཟོ་བ་དཔོན་རྒྱ་ཕུག་ཅེས་བྱ་བ་དད་པ་ཤིན་ཏུ་ཆེ་ཞིང༌། འདི་པའི་ཕྱོགས་སུ་ཡང་བྱས་པ་གྲངས་མང༌། ཕྱིས། ངེད་ཀྱི་རྩར་རབ་བྱུང་བསྙེན་རྫོགས་བྱས་དགེ་སྦྱོང་ཤེར་རྒྱམ་དུ་བཏགས། རྒས་རྒས་ཀྱི་བར་དུ་བྱ་བ་ལས་ཀྱི་འཁོར་ལོའི་མཐིལ་བླངས་པ་གཅིག་ཡིན་ནོ། །བླ་མ་དམ་པ་འདི་ནི་སྤྱིར་ནམ་མཁའ་མཛོད་ལ་མངའ་བརྙེས་ཀྱང༌། གཞན་ལ་གོ་དཀོན་པའི་ཆེད་དུ། སྦྱིན་ཤུགས་ཆེན་པོའི་ཚུལ་མི་སྟོན། །རང་རེ་སྦྱིན་ཤུགས་ཆུང་བ་ཞེས་ཡང་ཡང་དུ་གསུང༌། ལན་ཅིག ལུག་མགོར་བྱེད་ཚལ་ཅིག་ཞུས་པ། སྐུ་མདུན་ན་དགེ་བའི་བཤེས་གཉེན་འདྲ་ཡོད་པ་དང༌། གསུང་གླེང་ཅུང་ཟད་ལ་ཡེངས་ནས་རེ་དགའ་བཞེས་ཚར་བ་དང༌༑ ཨ་ཀ་ཁ་ཏྱ་རི་བཟོ་བོ་ལ་སྟེར་དགོས་པ་ཡོད་པ་ལ་དེ་ཟོས་ཚར་བྱུང་གསུང༌། བཤོས་ལྤགས་ད་ར་ལ་མཛད་ཅིང་དཀའ་བ་སྤྱད་ནས། དུས་མཆོད་སྟོབས་ཅན་འཛིན་པ་དང་འཁར་ལེནམཁར་ལས་མཐའ་མེད་པ་རྣམས་མཛད་པས་ཐུགས་སྟོབས་ཆེ་བས་མཆོག་ཏུ་གངས་ཅན་པ་ཀུན་གྱིས་འཛིན་ཅིང་བསྟོད་པ་འདོན་ནོ། །དེ་ནས། ལུག་ལོའི་དབྱར་སྤང་བད་མ་གྲུབ་པས་སྔོན་དུ་ཞལ་ལ་ལེགས་པར་བྱས་ཏེ། དྲི་གཙང་ཁང་ཁྱམས་མཐའ་དང་བཅས་པ་དང༌། མཐོང་གཡབས་བཅས་ངོས་རྣམས་ལ། མཚོན་སྣ་བརྒྱ་རྩ་བརྒྱད་ཀྱིས་རྣམ་པར་བཀྲ་བའི། བླ་མའི་སྐུ་འདྲ་དང༌༑ དེ་བཞིན་གཤེགས་པ་རྣམས་ཀྱིས་ཞིང་གི་བཀོད་པ་མདོ་ནས་འབྱུང་བ་དུ་མ་དང༌། འཇམ་དཔལ་རྩ་རྒྱུད་ནས་འབྱུང་བའི་བྲིས་སྐུ་ཆེ་ཆུང་དང༌། གཞན་ཡང༌། སངས་རྒྱས་བྱང་སེམས་ལྷ་དང་ལྷ་མོ་ཁྲོ་བོ་དང་ཆོས་སྐྱོང་རྒྱལ་ཆེན་ལ་སོགས་རྣམས་ལ་བྱ་སྤྱོད་ཀྱི་ལྷ་འབུམ་དང་ཡོ་གའི་ལྷ་འབུམ་ཆེན་མོ་ནས་འབྱུང་བའི་ལྷ་ཚོགས་མཐའ་ཡས་པས་བསྐོར་བ་རྣམས་ལེགས་པར་བཞེངས།