R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 137
[A:137]ལྷ་བཟོ་བ་ཚན་ཆེ་བ་དང༌། ལས་བྱེད་པ་མང་པོ་དབྱར་རིལ་པོ་བཏེད་ནས་རྩོལ་བ་ཆེར་མཛད་པས། རི་མོ་ཐམས་ཅད་ལེགས་པར་གྲུབ། སྟོན་ཧོར་ཟླ་བཅུ་པའི་དུས་སྟོན་ཆེན་མོའི་སྟེང་དུ། ཀུན་མཁྱེན་ཆེན་པོ་དང༌། མཁན་ཆེན་བསོད་རིན་པ་དང༌། དཀའ་བཞི་བ་རིན་ཆེན་རྒྱ་མཚན་དཔལ་དང༌། རྒྱ་སྟོན་ཤཱཀྱའི་མཚན་ཅན་ལ་སོགས་པ་དགེ་བའི་བཤེས་གཉེན་བཟང་རགས་མཐའ་ཡས་པ་སྤྱན་དྲངས། དགེ་འདུན་བདུན་བརྒྱ་ཙམ་གྱིས་ཞག་མང་པོ་མདོ་སྔགས་ནས་འབྱུང་བའི་ཆོ་ག་རྒྱས་པར་མཛད། རྒྱུད་སྡེ་གོང་འོག་རྣམས་ནས་འབྱུང་བའི་རབ་དུ་གནས་པའི་ཆོ་ག་རྒྱས་པར་མཛད༑ དྲི་གཙང་ཁང་གི་དབུས་སུ། ནང་བསྟན་ཆེན་མོ་བཞུགས་སུ་གསོལ༑ དགེ་འདུན་སེར་ཆགས་དང་སྐྱེ་བོ་མི་མང་པོ་རྣམས་ཀྱང་དགའ་སྟོན་གྱིས་ཚིམ་པར་མཛད། ཞིང་ཁམས་སོ་སོའི་སྦྱིན་བདག རྩེ་གདོང་བླ་བྲང་ནང་སོས་ཐོག་དྲངས་པས་གཙང་ཕྱོགས་པ་རྣམས་ཀྱིས་གཡས་གྲལ་བཟུང་རིན་དཔུང་ནང་སོས་ཐོག་དྲངས། གཞིས་ཁ་བ་ལ་གཏོགས་པ་རྣམས་ཀྱིས་གཡོན་གྲལ་བཟུང༌༑ རབ་གནས་ཀྱི་སྦྱིན་བདག་གི་མཐིལ་ཆེན་པོ། ཐོབ་རྒྱལ་བས་མཛད་དོ།། དེ་ནས་དེ་ཀའི་དགུན་སྟོད་ནས་སྤང་བ་དང་བཅས་པ་དང༌། རུང་བའི་ཁང་པ་ཀ་བ་བཅུ་གཉིས་ཙམ་གྱི་ས་དང་བཅས་པ་རྣམས་ལྷན་ཅིག་ཏུ་བསྒྲུབས། དེ་དག་དུ་དགོས་པའི་ཐབ་ཟངས་ཆེ་ཆུང༌། ཁྲོ་ཆེ་ཆུང་ཟངས་ཤུ་འགའ་རེ་ལ་སོགས་པ་དང༌། དགེ་འདུན་གྱི་གནས་མལ་འབོལ་ཡུག་སུམ་བཅུ་ཙམ་དང་སྣུམ་ཡུག་རབ་ཏུ་མང་པོ་དང༌༑ རོལ་ཆ་དུང་བཟང་པོ་དང་རྔ་དང་རག་དུང་དང༌། འཕྱར་དར་དང༌། མཆོད་ཆ་དང༌། གསུང་རབ་ཤེར་ཕྱོགས་དང་མདོ་མང་དང་དཀོན་བརྩེགས་ལ་སོགས་པ་གཞན་དང་གཞན་ནས་སོགས་པ་ལ་སོགས་པ་ཡང། རྗེ་འདི་ཉིད་ཀྱིས་