R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 112
[A:112]པ་རྣམས་ས་ཕྱོགས་གཅིག་ཏུ་བསྡུས་ནས། ཐུགས་རྗེའི་སྤྱན་ཆབ་དང་ལྷན་ཅིག་སྙན་ཅིང་འཇེབས་པའི་ཆོས་ཆར་ཕབ་པས། ཐམས་ཅད་ཀྱི་གདུག་སེམས་དང་ཆགས་སྡང་རང་ཞྀ་ལ་སོང་ཏེ། གདན་ས་གཉིས་ཀྱང་གཅིག་ལ་གཅིག་འཇུས་ནས་ངུ་ཞིང་སྔར་གྱི་ཉེས་པ་རྣམས་བཟོད་པར་གསོལ་བ་དང་འཐོལ་ཞིང་བཤགས་པ་ལ་སོགས་པ་བྱས་ཏེ། ཁྲོ་འཁྲུག་ཐམས་ཅད་ཞི་ནས༌། རྒྱལ་བ་ཡབ་སྲས་ཀྱི་རྣམ་ཐར་རྩལ་དུ་འདོན་པ་བྱུང་བ་ན། གླེགས་བམ་གྱི་མ་འོངས་ལུང་བསྟན་ལས། དགོན་པ་ཉམས་དམའ་ཞིང་འཁྲུག་ལོང་དུ་གྱུར་པའི་ཚེ། ང་རང་གི་རྣམ་འཕྲུལ་ཞིག་གིས་ཆོས་འདི་བསྟན། གནོད་པ་ཐམས་ཅད་ཞི་ཞིང་ཆོས་འདི་ལ་སྤྱོད་པར་འགྱུར་རོ་ཟེས་ལུང་བསྟན་པ་ཇི་ལྟ་བ་བཞིན་དུ་བྱུང་བས། ར་སྒྲེང་པ་རྣམས་ནི། བླ་མ་འདི་ཁོ་ན་ལ་ལྷག་པར་མོས་ཤིང༌། འབྲོམ་སྟོན་པའི་སྐུ་སྐྱེ་ཉིད་དུ་ཐེ་ཚོམ་མེད་པར་གཏམ་དུ་གླེང་བར་བྱེད་དོ། །དེ་བཞིན་དུ། སྤྱིར་བཀའ་གདམས་ཀྱི་ཆོས་དང༌༑ ཁྱད་པར་གླེགས་བམ་ལ་བདག་པོར་གྱུར་པའི་གྲགས་པ་ཐོབ་པས་སྐུ་ཚེ་རིལ་པོ་ལ་ཆོས་འདི་ཡང་དང་ཡང་དུ་གསུང་དགོས་ཤིང༌། དེ་ཐམས་ཅད་ཀྱི་སྐབས་སུ་ཡང༌། ཇོ་བོ་ཆེ་པོ་ཁོ་ན་ལ་བསྟོད་པ་མཛད་ཀྱི། སྟོན་པའི་རྣམ་པར་རྣམས་ནི་གསུངས་པ་ཙམ་མ་རྟོགས། ཡབ་སྲས་མཉམ་པོ་ལ། སྟོན་པའི་བསྟོད་པ་མཛད་པ་མ་ཐོས་ཤིང༌། ཁྱད་པར། ངེད་མང་རབ་ཀྱིས། ཇོ་བོ་ཡབ་སྲས་ཀྱི་རྣམ་ཐར་གྱི་ལུང་ཞུས། ཇོ་བོའི་ལམ་ཡིག་རྫོགས་རྗེས། དགེ་བའི་བཤེས་གཉེན་པ་འགའ་ཞིག་ལ་ཐུགས་བྲེལ་བྱུང་ནས། སྟོན་པའི་རྣམ་ཐར་དེ། ངེད་རྣམས་མ་སླེབ་བར་ལ་འཐེན་པར་ཞུ་ཞུས་པ་ན། ཇོ་བོ་ཆེན་པོའི་རྣམ་ཐར་ནི་སོང༌། དགེ་བསྙེན་རྒན་པོ་ཅིག་གི་རྣམ་ཐར་མ་ཐོས་ཀྱང་ཅི་ཉེས་གསུང༌། དེ་ལྟ་བུ་ནི། འབྲོམ་སྟོན་