R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 113
[A:113]རང་གི་ཡོན་ཏན་སྦེད་པ་ལ་གོམས་པའི་ཐུགས་ཀྱི་རྒྱུན་ཡིན་གྱི། གཞན་དུ་ན་དེ་ལྟ་བུ་བརྗོད་པར་སུས་ཀྱང་མི་སྤོབས་ན། ཁྱད་པར་དུ། བླ་མ་དམ་པ་འདི་ནི། གཞན་དམན་པ་རྣམས་ལ་ཡང་ཁྱད་བསོད་དང་བརྙས་བཅོས་མཛད་པ་མ་མཐོང་ངོ༌།། གཞན་ཡང་ངེད་རང་བོད་གངས་ཅན་པ་རྣམས་ལ་བཀའ་དྲིན་ཤིན་དུ་ཆེ་བ་དེ། ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་ཡིན་ནོ་ཞེས་ཡང་དང་ཡང་དུ་གསུང་ཞིང༌། དེའི་རྣམ་པར་དང་བསྔགས་པ་ཁོ་ན་གསུང་བ་ཞིག་འདུག་གོ། དེ་བཞིན་དུ། འབྲོམ་སྟོན་པ་ལ་མངའ་པའི། བླ་མ་ལ་གུས་པ་དང༌། ཐུགས་ཀྱི་སྐྱེལདཀྱེལ་ཆེ་བ་དང་ཁོག་ཡངས་པ་དང༌། གཞུང་བཟང་བ་དང༌། བདག་མི་བསྟོད་ཅིང་གཞན་མི་སྨོད་པ་དང༌། །ཡོན་ཏན་གྱིས་ཐུགས་འགེངས་པར་དཀའ་བ་དང༌། ཐུགས་ཀྱི་ཁུར་དང་སྟོབས་ཆེ་བ་ལ་སོགས་པ་ཐམས་ཅད་ཇི་ལྟ་བ་བཞིན་འདི་ལ་མངའ་བའི་ཕྱིར་ན་དམ་བཅའ་དེ་ནི་གཏན་ཚིགས་ཕུལ་དུ་བྱུང་བ་དང་ལྡན་པ་ཡིན་ནོ། ། གཉིས་པ་ནི། གཞོན་ནུ་ཉིད་ནས་ཁམས་གསུམ་ཆོས་ཀྱི་རྗེ། །འགྲོ་བའི་བླ་མ་བསོད་ནམས་རྒྱ་མཚན་སོགས། །དམ་པ་རྣམས་ལས་རྣམ་དག་སྡོམ་པ་གསུམ༑ །ཚུལ་བཞིན་ལེགས་པར་ནོད་པ་དེ་ལ་འདུད། །ཅེས་པ་སྟེ། །རྒྱལ་སྲས་གཞོན་ནུ་དགེ་མཚན་དུ་མ་དང་ལྡན་བཞིན་དུ། བཙས་མ་ཐག་ནས་སྐྱེད་སྲིང་པའི་བྱ་བ་ཆོས་དང་མཐུན་ཞིང་ཁ་ན་མ་ཐོ་བ་མེད་པ་རྣམས་ཀྱིས་ལེགས་པར་བསྐྱངས་ཤིང་རིམ་གྲོར་བྱས་པས་རིང་པོ་མ་ལོན་པར་གཞོན་ནུའི་སྒྱུ་རྩལ་གྱི་གནས་ཀུན་ལ་མཐུ་དང་ལྡན་པ་གྱུར་ཏེ། ཁྱད་པར་གཞོན་ནུ་ཉིད་ནས་ཡོན་ཏན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཀློག་ཡང་ཡི་གེ་དང་རྩིས་ཀྱི་བསླབ་པ་རྣམས་ལ་སྦྱངས་ནས། དེ་