R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 126a
[A:126a]པ་ལ་ལུང་སྡེ་བཞི་གསན། སོ་བརྒྱད་པ་ལ་ཞྭ་དམར་ཅོད་པན་འཛིན་པ་ལ་ཀརྨ་པའི་ཆོས་སྐོར་མཐའ་དག་གསན། མངོན་པར་རྟོགས་པའི་ཡོན་ཏན་དང་ལྡན། ཡེ་ཤེས་ཀྱི་མགོན་པོ་རྣམས་
ཀྱིས་བཀའ་བཞིན་སྒྲུབ། ཞེ་གཉིས་པ་ལ་སྣེ་སྡོང་རྩེར་ཕེབས་ཏེ་ཁྲིམས་གཉིས་ཀྱི་སྒོ་ནས་བསྟན་པ་གསལ་བར་མཛད་ནས། ང་གསུམ་པ་ལྕགས་མོ་ཕག་གི་ཟླ་བ་དྲུག་པའི་ཚེས་གཉིས་ལ་མེ་ཏོག་གི་ཆར་དང་བཅས་ཏེ་
དགའ་ལྡན་དུ་གཤེགས་སོ༎ རྒྱལ་དབང་ཆོས་རྗེ་ཀུན་དགའ་དཔལ་འབྱོར། རྒྱལ་དབང་ཆོས་རྗེ་ཀུན་དགའ་དཔལ་འབྱོར་ནི། གཙང་བ་རྒྱལ་སྲས་ཀྱི་སྐུ་སྐྱེར་གྲགས། འབྲུག་དང་ར་ལུང་དུ་བཞུགས་ནས་སྒྲུབ་རྒྱུད་ཀྱི་བདག་པོ་མཛད། སྣེ་གདོང་རྩེར་པཎ་ཆེན་ནགས་
ཀྱི་རིན་ཆེན་ལ་སྦྱོར་དྲུག་དང་། ཡིད་བཟང་རྩེར་འགོས་ལོ་ཙཱ་བ་ལ་རྒྱུད་འགྲེལ་གསན་ཅིང་སྦྱངས། སླད་དུ་སྒམ་པོའི་གདན་སར་བཞུགས་པའི་ཚེ། འོན་སྨོན་ཐང་དུ་ཕེབས་ཏེ་འགོས་ལོ་ཙཱ་བ་ལ་དབང་མདོར་
བསྟན། སྒྲོན་གསལ། རྒྱུད་བླ་རྣམས་གསན། ས་སྟོད་སྨད་ཐམས་ཅད་དུ་བྱོན་ཏེ་འགྲོ་ཕན་རྒྱ་ཆེར་མཛད་དོ༎ དཔལ་ཀུན་བཟང་རྩེ་བ། དཔལ་ཀུན་བཟང་རྩེ་བ་ནི། སྔགས་འཆང་རིན་ཆེན་རྣམ་རྒྱལ་གྱི་སྲས་སུ་མེ་མོ་བྱ་ལ་འཁྲུངས། གདུང་ཟི་