R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 37b
[A:37b]དུས་ཀྱི་འཁོར་ལོ་བསྟན་པའི་ཕྱིར་ངས་འདིར་འོངས་པ་ཡིན་གྱིས་ཉོན་ཅིག་གསུངས་ནས། དེར་ཆོས་ཀྱི་དབྱིངས་རྣམ་པ་ཐམས་ཅད་པའི་དཀྱིལ་འཁོར་མངོན་སུམ་དུ་སྣང་བར་དབང་རྫོགས་པར་བསྐུར།
ཆེས་ཆེར་མྱུར་བའི་ཟབ་ལམ་རྣལ་འབྱོར་ཡན་ལག་དྲུག་པའི་གདམས་པ་སྩལ། རི་དེའི་འདབ་༼འདབས་༽རྒྱ་མཚོའི་འགྲམ་དུ་ཞག་བདུན་བསྒོམས་པས་གྲུབ་པ་བརྙེས་ཏེ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་བྱོན་ནས་
ཤམྦྷ་ལའི་མ་ལ་ཡའི་ཚལ་གྱི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཁང་བར་རིགས་ལྡན་དངོས་ཀྱི་ཞབས་ལ་གཏུགས་པས་དེ་ཉིད་ཀྱིས་དབང་རྣམས་རྫོགས་པར་བསྐུར། རྒྱུད་འགྲེལ་མན་ངག་རྣམས་
བསྟན་ནས་བསྡུས་པའི་རྒྱུད། རྒྱུད་ཕྱི་མ། འགྲེལ་ཆེན་དྲི་མ་མེད་པའི་འོད། རྩ་རྒྱུད་དབང་མདོར་བསྟན། རང་དང་གཞན་གྱི་ལྟ་བ་མདོར་བསྟན་པ་རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ། དོན་
དམ་བསྙེན་པ། བདེ་མཆོག་སྟོད་འགྲེལ། རྡོ་རྗེ་སྙིང་འགྲེལ་ཏེ་བྱང་ཆུབ་སེམས་དཔའི་ཆོས་སྡེ་རྣམས་ཀྱི་དཔེ་ཐམས་ཅད་ཀྱང་གནང་སྟེ། རྒྱ་གར་ཤར་ཕྱོགས་མེ་ཏོག་ཁྱིམ་དུ་བྱོན། དེ་ནས་ཀྱང་ཡུལ་
དབུས་མ་ག་དྷར་བྱོན་ནས་ཆོས་བསྟན་པས། དུས་འཁོར་ཞབས་པ་ཆེན་པོ་ཞེས་ཀུན་ཏུ་གྲགས་ལ། སེམས་འགྲེལ་སྐོར་འཕགས་པའི་ཡུལ་ཤར་ནུབ་ཀུན་ཏུ་དར་བར་མཛད་དེ་སྐུ་ལུས་མ་སྤངས་