R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 178
[A:178] དམ་པ་རྒྱ་གར་རམ་དམ་པ་སངས་རྒྱས་མན་གོང་ལྟར་རོ༎ ་༎རྗེ་དམ་པ་རྒྱ་གར་ནས་བརྒྱུད་པའི་དཔལ་འཁོར་ལོ་བདེ་མཆོག་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་ཡིག་རྙིང་གི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཁོར་ལོ་སྡོམ་པ། ཤཱ་བ་རཱི་པ། མཻ་ཏྲི་པ། དམ་པ་སངས་རྒྱས་མན་གོང་གི་བདེ་གཤེགས་བཅུ་གཉིས་དང་འདྲའོ༎ ་༎རྗེ་བཙུན་དམ་པ་སངས་རྒྱས་ཀྱི་བཀའ་སྲོལ་ལས་བྱོན་པའི་ཡུམ་བཀའ་ཁྲོས་མ་རིགས་ལྔ་རྒྱལ་ཆེན་བཞི་དང་བཅས་པའི་དཀྱིལ་འཁོར་དུ་ཡིག་རྙིང་གི་སྟེང་ནས་དབང་བསྐུར་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། དམ་པ་སངས་རྒྱས། གྲོགས་ཆུང་དཀོན་སེང་། ཤང་ས་ཕ་ལུ་སྡེམས། དེ་ནས་མཁའ་འགྲོ་མའི་བླ་མ་བཞི་ལ་བརྒྱུད་དེ། ལབས་ཁྱེ་སྒྲོན་མ། ཁྱི་རྫི་མ། གཅེར་བུ་མ། འཕེར་མོ་རོ་ཟན། དེ་ནས་རྒྱལ་བ་ཏེ་ནེ་མན་གོང་གི་བདེ་གཤེགས་བཅུ་གཉིས་དང་འདྲའོ༎ ་༎བཅོམ་ལྡན་འདས་ཀྱིས་སྡོམ་པ་འབྱུང་བའི་རྒྱུད་ལས། དེ་ནས་ཡང་དག་བཤད་པར་བྱ། །སྐུ་ནི་ཀྱེ་ཡི་རྡོ་རྗེ་ལ། །གསུང་ནི་སྒྱུ་འཕྲུལ་རྡོ་རྗེའོ། །ཐུགས་ནི་འཁོར་ལོ་བདེ་མཆོག་ཆེ། །ཕྲིན་ལས་རྡོ་རྗེ་འཇིགས་བྱེད་ཉིད། །བདག་ཉིད་གསང་བ་འདུས་པར་བརྗོད། །མ་འོངས་སེམས་ཅན་དོན་དུ་ནི། །ཐབས་འདི་དག་ནི་བསྟན་པ་ཡིན། །ཐབས་ཀྱི་རིམ་པ་འདི་དག་ནི། །ཀུན་གྱི་ཐུན་མོང་མ་ཡིན་ཏེ། །དཀྱིལ་འཁོར་གཅིག་ཏུ་དབང་བསྐུར་བས། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས། །རྒྱུད་སྡེ་རྣམ་ལྔར་གང་བསྟན་པ། །ཀློ་ཀློའི་སྐད་ཀྱིས་འདི་སྦས་པས། །ཐུབ་པའི་ཞལ་ཤེས་གསང་བ་འདི། །སྙིང་པོ་ཀུན་གྱི་དོན་གྱི་རྒྱུད། །དཀའ་ཐུབ་སྤྱོད་བྱེད་ཐུན་མོང་མིན། །