[A:226]
ཐུབ་བསྟན་ལེགས་བཤད་བཟང་པོའི་གསུང་རྣམས་ནི། མཛད་པ་པོ་ནོར་བུ་བསྟན་འཛིན། དེས་བདག་བློ་གཏེར་ལའོ། །དམིགས་ཀྱིས་མ་བསལ་བ་རྣམས་ནི་དབང་བརྒྱུད་དང་འདྲའོ། །དབང་དཔེ་མིན་པའི་དཔེ་ཚན་ཇི་ཡོད་ཀྱང་ལུང་ཐོབ་པ་ཤ་སྟག་གོ། ་༎རྩ་བའི་ས་བཅད་བཞི་པ་གང་ལས་འཕྲོ་བའི་གཞིའམ་འབྱུང་གནས་རྡོ་རྗེ་འཆང་ཆེན་པོའི་གསུང་རྡོ་རྗེ་འཆང་གི་རྒྱུད་སྡེ་རྣམས་ལ་ཁུངས་གཏུགས་ཏེ་ངེས་ཤེས་མི་འཕྲོགས་པར་སྟེར་ཞིང་། རྣམ་གཞག་ཐམས་ཅད་ཁོང་དུ་ཆུད་པའི་སླད་དུ་རྒྱབ་བརྟེན་རྒྱུད་ཀྱི་བཤད་བཀའ་ལ་བརྒྱད་ལས། དང་པོ་རྣལ་འབྱོར་བླ་མེད་པ་རྒྱུད་མཐའ་དག་གི་གཙོ་བོ་ཟབ་པ་དང་རྒྱ་ཆེ་བའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་དང་། གཉིས་པ་རྣལ་འབྱོར་བླ་མེད་མ་རྒྱུད་ཐམས་ཅད་ཀྱི་མཐར་ཐུག་པ་དཔལ་འཁོར་ལོ་བདེ་མཆོག་གི་རྒྱུད། གསུམ་པ་རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ་ཆོས་རྗེ་ས་སྐྱ་པཎྜི་ཏས་བསྒྱུར་བ་རྗེ་བླ་མ་མཁྱེན་བརྩེའི་ཞབས་ལ་ཉེ་བརྒྱུད་ཀྱི་བཤད་བཀའ་བཞུགས་པ། དེ་དང་འབྲེལ་བའི་དཔལ་ཡང་དག་ཧེ་རུ་ཀའི་གསང་ཐིག་བཞི་པ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་བཤད་པ་རྡོ་རྗེའི་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་གསལ་བའི་ཉི་མ་ཆེན་པོ། ལྔ་པ་རྒྱ་ཆེ་བ་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ། དྲུག་པ་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་འགྲེལ་པ་དང་བཅས་པ། བདུན་པ་དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་འགྲེལ་པ་དང་བཅས་པ་རྣམས་ནི་འོག་ཁ་སྐོང་དུ་འཆད་པར་འགྱུར་ལ། བརྒྱད་པ་འདིར་ཟབ་པ་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེ་རྡོ་རྗེའི་རྒྱུད་ཀྱི་བཤད་བཀའ་ལ། དེའི་བཤད་ལུང་གི་རྒྱུན་ད་ལྟའི་བར་དུ་བཞུགས་པ་དང་། ཉེ་བརྒྱུད་ཀྱི་དབང་དུ་བྱས་ན། རྗེ་