[A:232]
པ་ཙམ་དུ་མ་ཟད། རྡོ་རྗེ་འཆང་གི་བཀའ་ལྷད་མེད་ཀྱི་རྒྱུད་སྡེ་ཆེན་པོ་འདི་དག་རྒྱུ་མཚན་རྟོགས་པའི་རྣམ་དཔྱོད་དང་ལྡན་པ་ལྟ་སྲིད་ན། བཀའ་སྲོལ་ཟབ་མོ་གཅིག་གི་རྒྱུན་ཙམ་ནུབ་ནའང་འཛམ་བུའི་གླིང་གི་དཔལ་དང་འབྱོར་པ་འདིའི་ཐད་ན་སྦུན་པར་ངེས་པའི་བློ་སྐྱེ་བར་འགྱུར་བ་ལྟར། དོན་ཆེ་ལ་འབྲས་བུ་དེ་ཙམ་དུ་ཆེ་བར་མཐོང་བས་དེང་ནས་བརྩམས་ཏེ་ཇི་སྲིད་པ་བསྟན་པ་རིན་པོ་ཆེ་ནམ་གནས་ཀྱི་བར་དུ་མི་ཉམས་ཤིང་། འདི་ཉིད་དོན་དུ་གཉེར་བའི་སྐལ་བཟང་། ཉམས་སུ་ལེན་པའི་རྣལ་འབྱོར་ཅན། གཞན་ལ་སྤེལ་བའི་ལྷག་པའི་བསམ་པར་འཆང་བ་སུ་གང་དག་འབྱུང་བར་འགྱུར་བ་ལ་རྩོལ་སྒྲུབ་ཀྱི་ངལ་བས་བསྒྲུབ་བྱ་ལག་ཏུ་མི་ལོན་པར་བར་མ་དོར་ཆུད་ཟ་བའི་གཡངས་ལས་བདེ་བླག་ཏུ་བསྒྲལ་ཏེ་རང་ནོར་རང་གིས་སྤྱོད་པ་ལ་ཚེགས་མེད་པ་བཞིན་དུ་འདོད་རྒུར་རྩེན་ཆོག་པའི་ཕྱིར་དང་། གཅིག་ནས་གཅིག་ཏུ་བརྒྱུད་པའི་ལག་རྗེས་མ་དག་པ་རྒྱུན་འབྱམས་པས་མཐར་གྱིས་རྡོ་རྗེའི་གཞུང་ཐམས་ཅད་ལ་ནོར་འཁྲུལ་གྱི་དྲི་མས་ཀུན་ནས་བསླད་པར་སྲིད་པས་དེ་སྤང་བའི་ཕྱིར་དང་། རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་ན་སངས་རྒྱས་ལས་ཀྱང་འབྱུང་བར་དཀོན་པ་དང་མཇལ་བའི་དུས་འདིར་ཇི་མི་སྙམ་དུ་མི་འདོར་བར་འདི་ལྟ་བུའི་བརྩོན་པ་དང་ངལ་བ་བདག་གིར་བཞེས་ཏེ་གུས་པའི་སྲི་ཞུ་ཅི་ནས་ཀྱང་མཛད་པར་རིགས་སོ་ཞེས་གཞན་དག་ལ་གསོལ་བ་འདེབས་པའི་ཕྱིར་དང་། ལེགས་བྱས་ཀྱི་སྒོ་ཐམས་ཅད་ལས་ཕུལ་དུ་བྱུང་བ་དམ་པའི་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱས་པ་ཡིན་པ་དང་། སྨོན་ལམ་ཐམས་ཅད་ཀྱི་མདོ་ཆོས་འཛིན་པའི་སྨོན་ལམ་ལ་འདུས་པར་སངས་རྒྱས་ཉིད་ཀྱིས་གསུངས་པས་ན་ཆོས་ཀྱི་སྙིང་པོ་རྡོ་རྗེ་ཐེག་པ་ལ་ཆེས་མཆོག་ཏུ་འཛིན་པ་དང་བསྲུང་བ་ལ་བསོད་ནམས་ཀྱི་མཐུ་རླབས་པོ་ཆེ་འབྱུང་བར་ངེས་ཤེས་ཀྱིས་རང་གཞན་ཐམས་ཅད་ལ་ཐར་པའི་ས་བོན་