R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 233
[A:233] འདེབས་པའི་ཕྱིར་དང་། ཁྱད་པར་དུའང་རྩ་བའི་རིགས་བདག་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་པ་རྣམས་ཀྱི་དགོངས་པའང་འདི་ཁོ་ནས་རྫོགས་ལ། ད་ལྟ་འཚོ་ཞིང་གཞེས་པ་རྣམས་ཀྱི་སྐུ་ཚེ་མཛད་ཕྲིན་གྱི་བར་ཆད་ཐམས་ཅད་ཀྱང་འདིས་སེལ་ཞིང་། ཇི་ལྟར་བཞེད་པའི་ཕྲིན་ལས་ཐམས་ཅད་ཀྱང་འདིས་བྱེད་དོ་སྙམ་ནས་བཀའ་དྲིན་གྱི་བྱས་པ་མཐའ་གཅིག་ཏུ་གཟོ་བའི་ཕྱིར་དང་། གཞན་ཡང་ནག་པོའི་ཕྱོགས་ཀྱི་སྡེ་ཆོས་ལ་ཞེ་སྡང་བ་རྣམས་ཀྱིས་ལོག་པར་ལྟ་བའི་བློ་བརྩམ་པ་དང་བཅས་ཅིག་ཅར་དུ་འགྱུར་བ་སོགས་འཇིག་རྟེན་གྱི་རྒུད་པ་བྱུང་བ་ཐམས་ཅད་ཞི་ཞིང་། མ་བྱུང་བ་མི་འབྱུང་བའི་རྒྱུ་བསྟན་པ་རིན་པོ་ཆེའི་དཔག་བསམ་ལྗོན་པའི་སྐྱབས་སུ་སྐྱེ་རྒུ་རྣམས་བདེ་སྐྱིད་ཀྱི་དགའ་སྟོན་ཉམས་སུ་མྱོང་བ་བཅས་ཀྱི་ཆེད་ལས། རང་ཉིད་ཁོ་ན་བདེ་བའི་རྒྱུ་དང་། གཞན་ལ་འགྲན་པ་དང་། གཞན་ལས་ཁྱད་དུ་བྱར་འདོད་པ་དང་། རྒྱུ་འདི་ལས་བསྙེན་བཀུར་གྱི་ཚིགས་སུ་བཅད་པ་ཐོབ་ཏུ་རེ་བ་ལ་སོགས་པའི་བསམ་པ་མེད་ཅིང་། རང་གཞན་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་ཀུན་ཏུ་སྨན་པ་ལྷུར་བླངས་ནས་ཇི་ལྟར་འདུ་བགྱིས་པའི་ཡི་གེའི་ཚོགས་མ་ལུས་པ་གཞི་གཅིག་ཏུ་གྲུབ་ན་བསྐལ་པའི་མཐར་ཡང་འཛད་དུ་མེད་པའི་ངོ་མཚར་སྤར་གྱི་འཕྲུལ་ཆེན་མོ་མངོན་པར་བསྐྲུན་པའི་ལེགས་བྱས་སྟོབས་སུ་སྨིན་པས་བོད་གངས་ཅན་གྱི་ལྗོངས་སྙིགས་མའི་མུན་པས་མོག་བོར་བྱས་པ་ཉིད་རྡོ་རྗེ་ཐེག་པའི་བསྟན་པའི་ཉི་མ་ལྔ་ན་མེད་པ་ཤར་བས་བསྟན་པ་དང་སེམས་ཅན་གྱི་ཁམས་ན་རྫོགས་ལྡན་གྱི་སྣང་བ་གསར་པ་ཞིག་ལྷག་པར་གསལ་བར་གྱུར་ཅིག། ་༎སླར་སྨྲས་པ། རབ་འབྱམས་དཀྱིལ་འཁོར་གཙོ་བོའི་ཏིང་འཛིན་ལ། །མཉམ་པར་འཇོག་བཞིན་ཟབ་གསང་རྡོ་རྗེའི་ལམ། །དམིགས་མེད་ཐུགས་རྗེའི་ལྗགས་ཀྱིས་