[A:39]
དགོན་པ་བ། ཟངས་དཀར་ལོ་ཙཱ་བ། ཞུ་སྟོན། ས་ཆེན། གྲགས་པ་རྒྱལ་མཚན། ཇོ་བཙུན་གྲགས་པ་སེང་གེ་རྒྱ་སྟོན་སྒྲུབ་པ་པོ། རྒྱ་སྟོན་སྒྲུབ་མཆོག་རྡོ་རྗེ་དཔལ། བསོད་ནམས་སེང་གེ་རིན་ཆེན་སེང་གེ། བུ་སྟོན་མན་འདྲ། ཡང་ན། རྡོ་རྗེ་དཔལ་ནས། གཞོན་ནུ་སེང་གེ། ཡབ་གྲགས་སྟོན། བསོད་ནམས་རྒྱལ་མཚན། བུ་སྟོན་མན་འདྲ། ཡང་ན། བཀྲ་ཤིས་རྒྱལ་མཚན་ནས། དཔལ་ལྡན་ཆོས་བཟང་། རིན་ཆེན་རྒྱ་མཚོ། བསོད་ནམས་མཆོག་གྲུབ་མན་འདྲའོ༎ ་༈་་༎གཉིས་པ་སྤྱོད་པའི་རྒྱུད་ཀྱི་མཚན་ཉིད་ནི། འཛུམ་ཞིང་དགོད་པའི་བདེ་བ་ལམ་དུ་བྱས་ཏེ་ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་ཐབས་འཁོར་དང་བཅས་པའོ། །སྒྲ་དོན་ནི། ཨུ་བྷ་ཡ་ཏནྟྲ་ཞེས་པའི་ར་ལས་དྲངས་ནས། གཉིས་ཀའི་རྒྱུད་དམ། སྤྱོད་པའི་རྒྱུད་ཅེས་བྱ་སྟེ། ཕྱི་ལུས་ངག་གི་བྱ་བ་དང་ནང་ཏིང་ངེ་འཛིན་ཆ་མཉམ་དུ་སྐྱོད་པས་ན་གཉིས་ཀ་གཞི་མཐུན་པའི་ཕྱིར་དེ་སྐད་དོ། །དེ་ལ་དབྱེ་ན། སྐུའི་རྒྱུད་དེ་བཞེནབཞིན་གཤེགས་པའི་རིགས་དང་། གསུང་གི་རྒྱུད་པདྨའི་རིགས་དང་། ཐུགས་ཀྱི་རྒྱུད་རྡོ་རྗེའི་རིགས་ཀྱི་རྒྱུད་དང་གསུམ་ལས། དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལ་བརྟེན་ནས་སློབ་དཔོན་སངས་རྒྱས་གསང་བས་བཀྲལ་ཞིང་། ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་བཤད་ཀྱིས་གཏན་ལ་ཕབ་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་སྐུའི་བཀོད་པ་མི་ཟད་པའི་རང་བཞིན་གྱི་དཀྱིལ་འཁོར་ཆེན་པོ་ལ་ནང་གི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་ལྷ་བརྒྱ་དང་སུམ་ཅུ་རྩ་ལྔ་མཚན་མ་གཉིས་དང་བཅས་པ། དེའི་ཕྱི་རོལ་ཤཱཀ་ཐུབ་ཀྱི་དཀྱིལ་འཁོར་ལ་དྲང་སྲོང་དྲུག་དང་ལྷ་དབང་གི་འཁོར་མ་གཏོགས་པའི་ལྷ།