[A:64]
ཡེ་ཤེས་བཀྲ་ཤིས། ཡེ་ཤེས་དཔལ་འབྱོར། ཞྭ་ལུ་རི་ཕུག་སྤྲུལ་སྐུ་བློ་གསལ་བསྟན་སྐྱོང་། ལྷ་བཙུན་དོན་གྲུབ་རྒྱལ་མཚན། རྗེ་འཇམ་དབྱངས་ཕྲིན་ལས། མཁན་ཆེན་འཇམ་དབྱངས་རིན་ཆེན་རྡོ་རྗེ། དེས་བདག་བློ་གཏེར་ལའོ། །ཡང་ན། ཞབས་དྲུང་འཇམ་དབྱངས་འོད་ཟེར་ནས། མགོན་པོ་བསོད་ནམས་མཆོག་ལྡན། མཚུངས་མེད་རིན་ཆེན་རྒྱ་མཚོ། ཀུན་དགའ་མང་ཐོས་རྒྱ་མཚོ་མན་འདྲ། ཡང་ན། ཡེ་ཤེས་བཀྲ་ཤིས་ནས། ལྕེ་བཙུན་མཁྱེན་རབ་དབང་པོ། ཡེ་ཤེས་དཔལ་འབྱོར་མན་འདྲའོ༎ ་༈་་༎བཞི་པ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཀྱི་ངོ་བོའམ་མཚན་ཉིད་ནི། དབང་པོ་གཉིས་སྦྱོར་གྱི་བདེ་བ་ལམ་དུ་བྱས་ཏེ་ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་ཐབས་འཁོར་དང་བཅས་པའོ། །སྒྲ་དོན་ནི། མཧཱ་ཡོ་ག་ཞེས་པའི་སྒྲ་ལས་དྲངས་ན། རྣལ་འབྱོར་ཆེན་པོ་སྟེ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ནང་གི་རྣལ་འབྱོར་གྱི་ཁྱད་པར་གོང་ན་མེད་པ་གཙོ་བོར་སྟོན་པའི་ཕྱིར་ན་དེ་སྐད་དོ། །དབྱེ་ན། རྒྱུད་སྡེའི་སྐོར་དང་། གདམས་ངག་གི་སྐོར་གཉིས། དང་པོ་ལ་ཐབས་གཙོ་བོར་སྟོན་པ་ཕའི་རྒྱུད་དང་། ཤེས་རབ་གཙོ་བོར་སྟོན་པ་མའི་རྒྱུད། དེ་གཉིས་ཀའི་ཁྱབ་བྱེད་དུ་གྱུར་པ་ཟུང་འཇུག་གཙོ་བོར་སྟོན་པ་གཉིས་སུ་མེད་པའི་རྒྱུད་དང་གསུམ་ལས། དང་པོ་ལའང་གདུལ་བྱ་འདོད་ཆགས་ཅན་གཙོ་བོར་རྗེས་སུ་གཟུང་བའི་དོན་དུ་གསུངས་པ་དཔལ་གསང་བ་འདུས་པའི་སྐོར་དང་། གདུལ་བྱ་ཞེ་སྡང་ཅན་གཙོ་བོར་རྗེས་སུ་གཟུང་བའི་དོན་དུ་གསུངས་པ་དཔལ་གཤིན་རྗེའི་གཤེད་ཀྱི་སྐོར་དང་། གདུལ་བྱ་གཏི་མུག་ཅན་གཙོ་བོར་རྗེས་སུ་གཟུང་བའི་དོན་དུ་གསུངས་པ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་སྐོར་དང་གསུམ། དང་པོ་ལ། སངས་རྒྱས་གཉིས་པ་འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས་