R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 6
[A:6] གསང་ཆེན་འབྲས་བུའི་སྙེ་མ་གཡུར་ཟ་བ། །ལེགས་བཤད་བཟང་པོའི་འདོད་རྒུ་སྦྱིན་ལ་འདུད། །ཤེས་བྱ་རབ་འབྱམས་མཁྱེན་པའི་རྣམ་དཔྱོད་ཅན། །མང་ཐོས་མཁས་གྲུབ་རགཡ་མཚོས་རྗེས་སུ་བཟུང་། །མདོ་སྔགས་རྒྱ་མཚོ་སྨྲ་ལ་ཟླ་མེད་པའི། །འཇམ་དཔལ་དབྱངས་དངོས་རྣམ་འདྲེན་ཞབས་ལ་འདུད། །རྡོ་རྗེ་འཆང་གིས་རིགས་ཅན་སོ་སོ་ལ། །འཆམས་པར་བསྟན་པའི་འཇུག་སྒོ་དང་པོ་ནི། །རིགས་གསུམ་ལ་སོགས་ཁྱབ་བདག་གཙོར་སྟོན་པའི། །རྒྱུད་སྡེའི་ལྷ་ཚོགས་ཀུན་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་ཆེན་པོའི་ཏིང་འཛིན་དང་། །གཙང་མའི་ཀུན་སྤྱོད་སྙོམས་པར་བསྒྲུབས་ནས་ནི། །རིག་པ་འཛིན་པའི་གོ་འཕང་སྩོལ་མཛད་པའི། །རྒྱུད་སྡེའི་ལྷ་ཚོགས་ཀུན་ལ་ཕྱག་འཚལ་ལོ། །མཆོག་གི་སྤྲུལ་པའི་མངོན་རྟོགས་ལམ་བྱེད་ཅིང་། །མཁའ་ཁྱབ་ཏིང་འཛིན་བསམ་མི་ཁྱབ་པའི་འཕྲུལ། །རྣལ་འབྱོར་མཆོག་གི་རྒྱུད་དུ་བསྲེལ་བ་ལས། །གྲུབ་སྟེར་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་ཟུང་འཇུག་རོལ་པར་བཅས། །གང་གིས་འདུལ་ལ་དེ་དང་དེར་སྟོན་པའི། །བླ་ན་མེད་པའི་རྒྱུད་སྡེ་རྒྱ་མཚོ་ཡི། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བས་ཇི་ལྟར་བསྒོས་པའི་གཡར་དམ་ལས། །མི་འདའ་རྡོ་རྗེའི་རྒྱུད་ཀྱི་མཛོད་སྲུང་བ། །དཔལ་ལྡན་ནག་པོ་ཆེ་སོགས་རྒྱུད་གསུམ་གྱི། །དམ་ཆོས་སྐྱོང་མཛད་ཀུན་ལའང་གུས་བཏུད་ནས། །ཐུགས་རྗེས་རྡོ་རྗེ་འཆང་གི་སྐུར་བཞེངས་ནས། །ཐུབ་པས་རྡོ་རྗེ་ཐེག་པ་བསྟན་པའི་གཞུང་། །མཁས་རྣམས་རྡོ་རྗེའི་གསུང་ལས་ནོས་པའི་ཚུལ། །འདི་ན་རྡོ་རྗེའི་བློ་ཡིས་བཏུ་བར་བྱ། །ཞེས་བསྔགས་པར་འོས་པ་ཇི་བཞིན་བརྗོད་པའི་མེ་ཏོག་དཀར་པོ་འཐོར་བས་ཤིས་པར་བྱས་ཏེ་འདིར་གླེང་བར་བྱ་བ། ངེས་པའི་དོན་དུ་གསང་ཆེན་རྡོ་རྗེ་ཐེག་པའི་ཉེ་རྒྱུའི་ལམ་ལ་