R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 7
[A:7] བརྟེན་ནས་ཕྱི་ནང་གི་མངོན་པར་བྱང་ཆུབ་པ་ལྔས་སྒྲིབ་གཉིས་སྤངས་ཤིང་། །སྐུ་དང་ཡེ་ཤེས་གཉིས་སུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ་བྲལ་སྨིན་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་དུ་བཞུགས་པ་ཡིན་ནའང་། །ཚུར་མཐོང་གདུལ་བྱའི་སྣང་ངོར་ཚུལ་ཁྲིམས་དང་མང་དུ་ཐོས་ཤིང་བསམ་སྒོམ་རྣམ་པར་དག་པས་ཏིང་ངེ་འཛིན་དང་ཤེས་རབ་རྫོགས་ཏེ། རང་དོན་ཕུན་སུམ་ཚོགས་ཤིང་། མདོ་སྔགས་ཀྱི་ལམ་འཆད་པ་དང་། །རྩོད་པ་དང་། རྩོམ་པའི་ཚུལ་ལ་གཞན་དྲིང་མི་འཇོག་པར་རྒྱུད་དང་མན་ངག་གི་གནད་མཁྱེན་ཅིང་། ཟང་ཟིང་མེད་པའི་བྱམས་པ་དང་སྙིང་རྗེ་ཆེན་པོས་རྒྱུད་ཕྱུག་པ། །རྡོ་རྗེ་སློབ་མའི་རྒྱུད་བྱིན་གྱིས་རློབ་པ་དང་སྨིན་གྲོལ་ལ་འགོད་པའི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་ནུས་པ་མཆོག་དང་ལྡན་པ་བསྟན་པའི་སྒྲོན་མེ་ཆེན་པོ་དཀྱིལ་འཁོར་གྱི་འཁོར་ལོའི་མགོན་པོའི་ངོ་བོར་བཞུགས་པ་རྣམས་ཀྱི་ཞལ་སྒོ་ནས་ཐེག་ཆེན་མདོ་སྡེ་ལས་ཁྱད་ཆོས་དུ་མའི་སྒོ་ནས་ཁྱད་པར་དུ་འཕགས་པ། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་ཀྱིས་བསྟན་པ་ལས་གཞན་དུ་འབྱུང་དཀའ་བས་ན་སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག་པ་ཞེས་བྱ་བ། གནས་ཐ་དད་པ་རྣམས་སུ། འཁོར་རིག་པ་འཛིན་པ་མཆོག་ཕལ་གྱི་གཟུགས་བཟུང་བ་རྣམས་ལ། དུས་ངེས་པ་དང་མ་ངེས་པར། གང་ཟག་རིགས་དང་། དུས། ཉོན་མོངས་ལ་དགོངས་ཏེ། རྒྱུད་སྡེ་ཆེན་པོ་བཞིས་བསྔས་པའི་རྡོ་རྗེ་ཐེག་པའི་ལམ་རིག་པ་འཛིན་པའི་སྡེ་སྣོད་མཐའ་ཀླས་པ་བཀའ་སྩལ་པ། རྡོ་རྗེ་ཆོས་དང་། རྡོ་རྗེ་སྙིང་པོ་དང་། གསང་བའི་བདག་པོ་ལ་སོགས་པས་བསྡུས་ཤིང་། འཕགས་ཡུལ་གྱི་པཎ་གྲུབ་རྣམས་ལ་རིམ་པར་བཀའ་