[A:8]
བབས་ཏེ། བོད་གངས་ཅན་གྱི་ལྗོངས་སུ་སྐད་གཉིས་སྨྲ་བའི་དབང་པོ་རྣམས་ཀྱི་བཀའ་དྲིན་ལས་བསྒྱུར་བཤད་འཆད་ཉན་གྱིས་གཏན་ལ་ཕབ་པའི་སྨིན་གྲོལ་དེང་དུས་འཛམ་བུའི་གླིང་འདིར་རྒྱུན་བཞུགས་སོ་ཅོག་རྩོལ་སྒྲུབ་ཤུགས་ཆེན་པོས་ཉེ་བར་བསགས་ཤིང་རང་ཉིད་ལ་ཕྱོགས་གཅིག་ཏུ་ཟླུམ་པའི་སྐལ་བཟང་བླ་ན་མེད་པར་གྱུར་པ་དེ་ནའང་། བརྟན་གཡོའི་དུས་ཀྱི་སྟོབས་ལས་བཤད་སྒྲུབ་ཀྱི་བགྱི་བ་ཇེ་ཕྲར་གྱུར་པའི་དབང་གིས་འགའ་ཞིག་གི་རྒྱུན་བག་ལ་ཞ་བར་ཕྱོགས་པ་ན། ལྷག་བསམ་བརྩོན་པའི་སྟོབས་ཀྱིས་འཐོར་བ་རྣམས་བསྡུས། ཆད་པ་རྣམས་བསབས། མི་གསལ་བ་རྣམས་གསལ་བར་བྱས། །འཁྲུགས་པ་རྣམས་ལེགས་པར་སྦྱར་བ་སོགས་ཀྱི་སྒོ་ནས་ཐར་འདོད་ཀྱི་སྐྱེ་བོ་རྡོ་རྗེ་ཐེག་པ་དོན་དུ་གཉེར་བ་དག་གཞལ་མེད་ཁང་དུ་ཚེགས་མེད་པར་འཇུག་ཆོག་པའི་སྐལ་བ་དགེ་བ་ལ་སྦྱོར་བའི་སྐབས་འདིར་ཡིད་ཆེས་བསྐྱེད་པའི་སླད་དུ་སོ་སོའི་བརྒྱུད་ཁུངས་སྨོས་པ་ལ། སྤྱིར་སྨིན་བྱེད་ཀྱི་སྔོན་དུ་སོ་བྱང་གི་སྡོམ་པས་རྒྱུད་ལེགས་པར་བསྡོམས་པ་ཞིག་བྱུང་ན་ཕུན་སུམ་ཚོགས་པའི་ཡན་ལག་ཙམ་དུ་མ་ཟད། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇུག་པའི་གོ་རིམ་ངེས་པར་རྗེས་སུ་འགྲུབ་པར་འགྱུར་བས་ཐོག་མ་ཁོ་ནར་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ནས་བརྩམས་ཏེ་སོ་སོར་ཐར་པ་རིས་བདུན་གྱི་སྡོམ་པ་རྣམ་པར་དག་པ་ནོད། དེ་ནས་ཐེག་པ་ཆེན་པོར་འགྱུར་བའི་སླད་དུ་ཤིང་རྟ་ཆེན་པོའི་སྲོལ་གཉིས་ལས་བྱོན་པའི་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་རྣམ་པར་དག་པས་རྒྱུད་སྦྱངས་པ་ལ་རྡོ་རྗེ་ཐེག་པ་ཆེན་པོ་ནས་བཤད་པའི་དཀྱིལ་འཁོར་ཆེན་པོར་གཞུག་ཅིང་མངོན་པར་དབང་བསྐུར་བ་བསྒྲུབས་ན་བདག་ཅག་གི་སྟོན་པ་འདི་ཉིད་ཀྱི་བསྟན་པ་ལ་གྱ་ཚོམ་དུ་ཞུགས་