རྒྱལ་པོ་ལ་ཁྱེད་ཀྱིས་ས་རྐོས་ཤིག་གསུངས་ནས་རྒྱལ་པོས་ས་བརྐོས་པ་དང༌། སའི་ཞག་དང་ས་ལུ་མང་པོ་བྱུང་བས་རྒྱལ་པོའི་ཞལ་དུ་གསོལ། དབུ་ལ་ཡང་བྱུགས་སོ། །དེ་ལྟར་བཙན་པོ་དགུང་ལོ་ཉི་ཤུ་རྩ་གཙིག་སྟག་གི་ལོ་ལ་རྨང་བཏིང་ནས་བཞེངས་པ་ལ། རྒྱལ་གར་ཡུལ་ནས་མཁན་པོ་བྷོ་དྷི་ས་ཏྭ་བྱང་ཆུབ་སེམས་དཔའ་དེ་སྤྱན་འདྲེན་པ་ལ། རྒྱལ་པོ་ཁྲི་ལྡེ་གཙུག་བཙན་ཨག་ཚོམ་གྱི་རིང་ལ་བོད་ཀྱི་ལོ་ཙཱ་ལ་མངའ་བ་སྙགས་ཛྙཱན་ཀུ་མ་ར་དྲི་མེད་ཟླ་ཤར་བྱ་བ་དང་གཡོག་པོ་གཉིས་ལ་གསེར་ཕྱེ་བྲེ་གང་ཞུ་རྟེན་དུ་ཕུལ་ནས་བྱོན་པས་ས་གཞི་བྱིན་གྱིས་བརླབས་ཀྱང༌། བོད་ཀྱི་ལྷ་འདྲེ་གནོད་སྦྱིན་མཐུ་བོ་ཆེ་རྣམས་གདུག་པ་ཆེ་བས་རྩིག་ཏུ་མ་བཏུབ་པ་ལས་རྒྱལ་པོས་སློབ་དཔོན་ཆེན་པོ་ལགས། བདག་གི་གཡར་དམ་དཀོན་མཆོག་གསུམ་གྱི་མཆོད་པའི་རྟེན་གཙུག་ལག་ཁང་ཇི་ལྟར་བཞེངས་པས་འགྲུབ་པ་ལགས། སློབ་དཔོན་གྱི་ཞལ་ནས། ད་བྱང་ཆུབ་སེམས་ཀྱི་ཞི་བས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པས་མི་ཐུལ་བས། འདི་ན་ངེད་རང་རྒྱལ་པོ་དང་སྐྱེ་བ་སྔ་མ་ལ་སྨོན་ལམ་ལྷན་གཅིག་ཏུ་བཏབ་པའི་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡ྄་བོ་དྷིའི་སྲས་མཛད་པའི་སྤྲུལ་པའི་སྐུ་པད་མ་འབྱུང་གནས་ཞེ་བྱ་བ། རྒྱ་གར་ཡུལ་གྱི་ཚུར་མཐའ། བལ་པོའི་ཡུལ་གྱི་ཕར་མཐའ་ན། ཡང་ལོ་ཤོད་ཀྱི་བྲག་ཕུག་ན་མཆོག་གི་སྒྲུབ་པ་མཛད་ཀྱིན་བཞུགས་པས་དེ་སྤྱན་དྲངས་ན་ལྷ་འདྲེ་གདུག་རྩུབ་ཅན་ཐམས་ཅད་འཐུལ་ཞིང་རྒྱལ་པོའི་བསམ་པ་འགྲུབ་པར་མཆི། དེ་ཡང་ངས་བཟླས་པ་སྐད་མ་ཟེར་ཞེས་རྒྱལ་པོ་ལ་སྨྲས་སོ། །དེ་ནས་རྒྱལ་པོས་ནང་འཁོར་བློན་འབངས་རྣམས་ལ། མདང་གསུམ་ངི་རྨི་ལམ་ན་རྒྱ་གར་དང་བལ་པོའི་སོ་མཚམས་ཡང་ལེ་ཤོད་ཀྱི་བྲག་ཕུག་ན་ཨོ་རྒྱན་རྒྱལ་པོའི་སྲས་མཛད་པའི་སློབ་དཔོན་པད་མ་སམ་བྷ་བ་བྱ་བ་མཐུ་རྩལ་ཆེ་ལ་དགོངས་པ་ཟབ་པ་སྤྲུལ་པའི་སྐུ་གཅིག་བཞུགས་པས་དེ་སྤྱན་དྲངས་ན། ངའི་བསམ་པ་འགྲུབ་པར་རྨིས་པས། དེ་སྤྱན་འདྲེན་དགོས་པས་ཁྱེད་བང་ཆེན་མི་གསུམ་གཏོང་ཞེས་བཀའ་བསྩལ་པས། བློན་འབངས་རྣམས་ཀྱང་དེ་འཐད་དོ་ཞེས་ཐག་བཅད་དོ། །བང་ཆེན་པ་ཁས་ལེན་པ་མ་བྱུང་བས་རྒྱལ་པོས་བཀའ་བསྩལ་ཏེ། སྔས་མང་རྗེ་གསལ་སྣང་དང༌། སེ་འོག་ལྷ་ལུང་གཉིས་གཡོག་པོ་གསུམ་དང་བཅས་ལ་གསེར་ཕྱེ་བྲེ་གང་བསྐུར། བར་གྱི་ལམ་རྒྱགས་དང་བཅས་ལམ་དུ་ཞུགས་པ་དང༌། སློབ་དཔོན་གྱི་སྤྱན་སྔར་སྲུང་མ་རྣམས་ཀྱིས་བསྐུལ་བ་དང་ཐུགས་ཀྱིས་མཁྱེན་པས། བོད་ཡུལ་ཧས་པོ་རིའི་རྩེར་བོད་ཀྱི་རྒྱལ་པོ་ལྷ་སྲས་བཙན་པོས་གཙུག་ལག་ཁང་གཅིག་བཞེངས་སུ་གསོལ་བས་སློབ་དཔོན་ཆེན་པོའི་སྤྱན་སྔར་མང་ཆེན་པ་འོང་བས་དེ་རྣམས་ཐང་ཆད་ཉོན་མོངས་པས་སློབ་དཔོན་ཆེན་པོ་མང་ཡུལ་གུང་ཐང་ཙམ་དུ་གཤེགས་པ་ཞུ་ཞེས་སྲུང་མ་རྣམས་ཀྱིས་བསྐུལ་བས་དེར་སློབ་དཔོན་གྱིས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་བྱོན་ནས་མང་ཡུལ་གུང་ཐང་ལ་ཟླ་བ་གཉིས་བཞུགས་པ་དང༌། བང་ཆེན་པ་རྣམས་དང་མཇལ་ནས་སློབ་དཔོན་གྱིས་མཁྱེན་བཞིན་དུ་ཁྱེད་སུ་ཡིན། གར་འགྲོ་གསུངས་པ་དང༌། སྦས་མང་རྗེ་གསལ་སྣང་གིས་ངེད་བོད་ཀྱི་ལྷ་སྲས་བཙན་པོས་སློབ་དཔོན་པད་མ་འབྱུང་གནས་སྤྱན་འདྲེན་དུ་བཏང་བ་ལགས་ཁྱེད་རང་ལགས་སམ་ཞུས་པས། འོ་ན་དེ་ང་ཡིན། ཟླ་བ་གསུམ་གྱི་གོང་ནས་སྲུང་མ་རྣམས་ཀྱིས་བསྐུལ་ཏེ། ཁྱོད་ལྷ་སྲས་བཙན་པོའི་བང་ཆེན་པ་རྣམས་ཉོན་མོངས་ཀྱིས་དོགས་ནས་འདིར་བསྡད་པ་ཡིན། ཁྱེད་ལ་སྐུ་ཡོད་འབུལ་རྒྱུ་ཅི་ཡོད་པ་ཕུལ་ཅིག་གསུངས་པས། ཕྱག་འཚལ་སྐོར་བ་བྱས་ཏེ་གུས་པས་གསེར་ཕུལ་ལོ། །ད་ཅི་ཡོད་ཕུལ་ཅིག་གསུངས་པས། རྒྱལ་པོས་ནི་དེ་ལས་མ་བསྐུར་ལགས། ངེད་མང་ཆེན་པ་གསུམ་གྱིས་ལུས་ངག་ཡིད་གསུམ་འཁོར་གསུམ་ཡོངས་སུ་དག་ཏུ་འབུལ་ཞེས་ཕྱག་འཚལ་སྐོར་བ་བྱས། ཞབས་སྤྱི་བོར་བླངས་ནས་ཞུ་བ་ཕུལ་བ། སློབ་དཔོན་ཆེན་པོ་སྤྲུལ་པའི་སྐུ་ལགས། བདག་ཅག་བོད་ཀྱི་ལྷ་སྲས་བཙན་པོས་ཐུགས་དམ་འགྲོ་བ་སེམས་ཅན་ཡོངས་ཀྱི་བསོད་ནམས་གསོག་པའི་ཞིང་གཙུག་ལག་ཁང་གཅིག་བཞེངས་པ་ལ་སློབ་དཔོན་བྷོ་དྷི་ས་ཏྭས་ས་གཞི་བྱིན་གྱིས་བརླབས་པས། བོད་ཀྱི་ལྷ་སྲིན་གདུག་རྩུབ་ཆེ་བས་བཞེངས་སུ་མ་བཏུབ་པར། བོད་ཀྱི་རྒྱལ་པོའི་ཐུགས་དགོངས་སྒྲུབ་པ་དང༌།