R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
གདུག་པ་ཅན་ཚར་གཅོད་པ་དང་འདུལ་བའི་དོན་དུ་གཤེགས་པར་ཞུ་འཚལ་ཞེས་ཞུ་བ་ཕུལ་བས། སློབ་དཔོན་ཐུགས་དགྱེས་ཏེ་ང་ཁྱེད་ཀྱི་དད་པ་དང་གུས་པ་དང་གཡོ་ཟོག་མེད་པ་ལ་དགའ་བས་ཁྱེད་རྣམས་སད་པ་ཡིན། ང་ལ་སྣང་བ་ཐམས་ཅད་གསེར་དུ་ཡོད་གསུངས་ནས། ཕྱག་གཡས་པ་གུང་ཐང་གི་ཕྱོགས་སུ་བརྐྱངས་པས་གཡས་ཕྱོགས་ཀྱི་རི་ཐམས་ཅད་གཡོམ་དུ་བསྒྱུར། ཕྱག་གཡོན་པ་ནུབ་ཕྱོགས་སུ་བརྐྱངས་པས་ས་རྡོ་ཐམས་ཅད་གཟི་མཆོང་རོན་པོ་ཆེ་གསེར་གཡུར་བསྒྱུར་ནས་བང་ཆེན་པ་ཀུན་ལའང་བྱིན་ནོ། །ངའི་རྫུ་འཕྲུལ་འདི་ལྟར་ཆེ་སྟེ། ཁྱེད་རྣམས་ཡིད་དང་ཆེས་ཏེ་འོང༌། ཡིད་ཆས་པར་གྱིས་ཤིག རྒྱལ་པོའི་བསམ་པ་འགྲུབ་པར་འགྱུར་རོ། །ཁྱོད་ཀྱི་གསེར་གྱིས་ང་ལ་བྱ་རྒྱུ་མེད། འོན་ཀྱང་མངའ་བདག་གི་དགོངས་པ་རྫོགས་པར་བྱ་བའི་དོན་དུ་རེ་ཞིག་བླང་གི་གསུངས་ནས། མང་ཡུལ་དང་བལ་ཡུལ་གྱི་ཕྱོགས་སུ་གཏོར་བས་དུས་ཕྱིས་བོད་ཀྱི་གསེར་དངུལ་ཐམས་ཅད་བལ་ཡུལ་ཕྱོགས་སུ་འདོར་བར་འགྱུར་རོ་ཞེས་གསུངས་སོ། །དེར་བསྒྱུར་བའི་གསེར་གཡུ་བང་ཆེན་པ་ཀུན་ལ་བྱིན་པས་ཀུན་རྫུན་ཡིན་ནམ་སྙམ། སོ་སོར་ཁ་ཕྱེ་ནས་བལྟས་པས་བདེན་པར་སྣང་སྟེ་ཐམས་ཅད་ཡིད་ཆེས་སོ། །སློབ་དཔོན་པད་མའི་ཐུགས་རྗེས་བོད་ཡུལ་དུ་དཔོན་སློབ་རྣམས་བྱོན་པ་དང༌། མང་ཡུལ་དོན་ཁར་ཕྱགས་ཕེབས་ཏེ། དེ་ལ་སྟོད་མངའ་རིས་ཀྱི་ལྷ་སྲིན་མཐུ་བོ་ཆེ་རྣམས་འདུས་ཏེ། ཇོ་བོ་གྱེར་རྒོད་ལ་འཁོར་གནམ་སྨན་བདུན་སྟོང་གིས་བསྐོར་བ། གངས་སྨན་ཞུ་ལེ་མ་སྟོང༌། གཡའ་སྨན་སི་ལེ་མ་སྟོང༌། སྤང་སྨན་ཡལ་ལེ་མ་སྟོང༌། བྲག་སྨན་ཁྲོལ་ལེ་མ་སྟོང༌། ཐང་སྨན་ཐོར་རེ་མ་སྟོང༌། ཆུ་སྨན་ཟུ་ལེ་མ་སྟོང༌། མཚོ་སྨན་རྒྱལ་ལེ་མ་སྟོང༌། གཞན་ཡང་སྟོད་ཀྱི་རུང་དགུ་ལ། ཏང་རུང་གི་ཟ་མ་ཏོག་ནེའུའི་སུ་ལེ་རུང༌། ལ་ཀོགས་ཀྱི་མ་ག་རུང༌། ཕྱིས་རིའི་ཏེ་སེ་གཡུ་རུང༌། ར་ཟད་ཀྱི་ཤེ་ལོ་རུང༌། པད་ཀའི་འུར་རེ་རུང༌། ཁུ་ཕུའི་ཤེལ་ཡག་རུང༌། ལེ་མུར་གྱི་ཐོག་རུང༌། ཤེ་མུར་གྱི་དཔལ་རུང༌། སད་མིག་གི་ཏིང་རུང་ལ་སོགས་པའི་སྲིད་པའི་རུང་ཆེན་པོ་རྣམས་དང༌། ཐེ་སིའི་ལྷ་བཙན། མོན་ཕའི་ལྷ་བཙན། བསུའི་ལྷ་བཙན། ཡུ་མོ་གཉན་པོ། སྲང་རིའི་གཡུག་ཁྲི། ཞང་གི་ལྷ་དགུ། རྒྱོར་དབང་ཇོ་ཤེ། ཇོ་མོ་ཐོ་མུག བློ་རིག་རྡོ་རྗེ་བཙན། ལ་ངག་གི་དོ་བཙན། སྨན་གྱི་རྒྱལ་མོ་ནགས་ཉིལ། ལེ་ནག་སམན་གྱི་རྒྱལ་མོ། ཚོན་ཕུར་བཞིའི་ལྷ་མོ། དགྲ་ལྷའི་རྒྱལ་མོ་སྟག་རི་རོང༌། སྲིད་པའི་རྒྱལ་མོ་མུ་ཙ་མེད་ལ་སོགས་པ། ཨག་སེ་རྒྱལ་བ་ར་ལ་ཞོན་པ། མུ་ཐུར་སྨུག་པོ་ཁྱུང་ལ་ཞོན་པ་ལ་སོགས་པ། སྟོད་མངའ་རིས་ཀྱི་ལྷ་འདྲེ་མཐུ་བོ་ཆེ་རྣམས་འདུས་ཏེ། སློབ་དཔོན་གཡོག་རྣམས་གངས་བར་བཙིར་བར་བྱས་པ་ལ། སློབ་དཔོན་གྱིས་ཕྱག་འཁར་བྲག་ལ་བཙུགས་ཏེ་ལམ་བཏོད་ནས་རིའི་ཁ་ན་ཕར་བྱོན་པས། སྲིད་པའི་ལྷ་སྲིན་རྣམས་སྐྲག་སྟེ་དངངས་ཤིང་བྲེད་པར་གྱུར་རོ། །དེར་སྲིད་པའི་རྒྱལ་མོ་མུ་ཙ་མེད་ལ་སོགས་ཀྱིས་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ཏེ་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་སོ། །མོའི་གསང་མཚན་ཡང་གངས་ཀྱི་ཡུམ་གཅིག་རྡོ་རྗེ་ཀུན་ཏུ་བཟང་བྱ་བར་བཏགས་སོ། །དེ་ནས་མར་བྱོན་པ་དང༌། བྲིན་ཆུ་དབར་གྱི་སོ་མཚམས་ཀྱི་ལྷ་སྲིན་བཀྲ་ཤིས་ཚེ་རིང་མ་བཏུལ་ནས་དམ་ལ་བཏགས་ཏེ་མིང་ཡང་བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མར་བཏགས་སོ། །དེ་ནས་མར་བྱོན་པ་དང་སྟོད་བཙན་འཁོར་གླེན་པ་ལྐུགས་པ། རྨུག་པོ་འཆོང་གོང༌། རྐྱང་རྟགས་ཀྱི་རྡོ་རིང་དམར་པོ། ཇོ་བོ་རི་བོ་བཙུན་ནི། སྟོང་ཆེན་པོ་དགུ་ལ་དབང་སྟེ། ལྕགས་སྟོང་ནག་པོ་ཟངས་ཀྱི་སྐ རགས་ཅན་ན་བདུད་ཀྱི་སྟོང་སྡེ་ཕྱེད་དང་བཅུ་གསུམ། ཟངས་སྟོང་དམར་པོ་གཡུའི་སྐ རགས་ཅན་ན་བཙན་གྱི་སྟོང་སྡེ་ཕྱེད་དང་བཅུ་གསུམ། སྟག་སྟོང་ཁྲ་བོ་གཟིག་གི་སྐ རགས་ཅན་ན་རྨུའི་སྟོང་སྡེ་ཕྱེད་དང་གསུམ། གཟིག་སྟོང་ཐིག་ལེ་ཅན་ན་ཀླུའི་སྟོང་སྡེ་ཕྱེད་དང་བཅུ་བཞི། བསེ་སྟོང་གསེར་པོ་ཅན་ན་གཟའི་སྟོང་སྡེ་ཕྱེད་དང་བཅུ་གསུམ། གཡུའི་སྟོང་སྡེ་གསེར་མིག་ཅན་ན་མ་མོའི་སྟོང་སྡེ་ཕྱེད་དང་བཅུ་གསུམ། སྤྱང་སྟོང་དཀར་པོ་ལྷག་པའི་སྐ