དཔེ་ཧར་དཀོར་མཛོད་ཀྱི་གླིང༌། ཉི་མ་ལྷ་ཁང༌། ཟླ་བ་ལྷ་ཁང༌། གཞན་ཡང་ཤར་ལྷོར་མཆོད་རྟེན་དཀར་པོ་སངས་རྒྱས་སྟོང་གིས་བརྒྱན་པ། ལྷོ་ནུབ་ཏུ་མཆོད་རྟེན་དམར་པོ་པད་མ་སྟོང་གིས་བརྒྱན་པ། ནུབ་བྱང་དུ་མཆོད་རྟེན་ནག་པོ་མཆོད་རྟེན་སྟོང་གིས་བརྒྱན་པ། བྱང་ཤར་དུ་མཆོད་རྟེན་སྔོན་པོ་ལྷ་ཁང་བཅུ་དྲུག་གིས་བརྒྱན་པ་བཞེངས། ནུབ་ཕྱོགས་སུ་ཡ་མཚན་རྫུ་འཕྲུལ་སྟོན་པ་ཀླུའི་གླིང་བཞེངས། སློབ་དཔོན་པད་མའི་གཟིམ་ཁང་ཡཀྵ་ལྟག་འོག་བཞེངས། སྟར་ཀ་ཆེན་པོ་བཞི་ལ། ཕྱོགས་བཞིར་ཁྲོན་ཁ་ཆེན་པོ་བཞི། མེ་བཙའ་ཆེན་པོ་བཞི་ལ། རི་སྣ་བཞི་ལ་མཆོད་རྟེན་བཞི། ཕོ་བྲང་རིམ་དགུ་དང༌། ཕོ་བྲང་སིང་ཁང་དང༌། རྒྱའི་ཧ་ཤང་ལྷ་ཁང་དང༌། ཕྱི་ལྕགས་རི་མུ་ཁྱུད་ནག་པོ་དང༌། དེའི་ཕྱོགས་བཞིར་སྒོ་བཞི་ལ་མགོན་ཁང་བཞི་དང་བཅས་པལ་བཞེངས་སོ། །བཙུན་མོ་གསུམ་གྱིས་ཀྱང༌། ཚེ་སྤོངས་བཟའ་མེ་ཏོག་སྒྲོན་གྱིས་ཁམས་གསུམ་ཟངས་ཁང་གླིང་བཞེངས་ཏེ་འོག་གཞི་ཟངས་ལ་བྱས་པ་རྒྱལ་པོའི་ཐུགས་དམ་དབུ་རྩེ་རིགས་གསུམ་འདྲ་བ་གཅིག་བཞེངས་སོ། །ཕོ་ཡོང་བཟའ་རྒྱལ་མོ་བཙུན་གྱིས་བུ་ཚལ་གསེར་ཁང་གླིང་ཞེས་པ། བཟོ་བོ་ལ་ཟས་སྣ་མི་འདྲ་བ་བཅུ་གསུམ་དྲངས་པའི་བཟོ་སྣ་ཁྱད་པར་ཅན་བཅུ་གསུམ་ལ། ཕྱི་ན་གྱང་མེད་པ་བཟོའི་ཁྱད། ནང་ན་ཀ་བ་མེད་པ་བཟོའི་ཁྱད། རྒྱ་ཕིབས་ཁ་ཕྱིར་བལྟས་དང་ནང་བལྟས་གཉིས་སུ་ཡོད་པ་བཟོའི་ཁྱད། གཟའ་ཆེན་བརྒྱད་ཀྱིས་ཀ་བ་འདེགས་པ་བཟོའི་ཁྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་གདུང་མ་འདེགས་པ་བཟོའི་ཁྱད། བྱ་ཁྱུང་མོའི་སྒོ་ངའི་ནང་ན་ལྷ་མོ་བརྒྱད་ཁྲུས་བྱེད་པ་ཡོད་པ་བཟོའི་ཁྱད། ཕྱོགས་བཞི་ན་གསེར་གྱི་སེང་གེ་ལུག་ཐོང་ཙམ་བཞི་ཡོད་པ་བཟོའི་ཁྱད། གསེར་གྱི་གདུང་མ་ལ་གཡུའི་རྟ་རྒྱུགས་པ་ཡོད་པ་བཟོའི་ཁྱད། གཡུའི་གདུང་མ་ལ་གསེར་གྱི་རྟ་རྒྱུགས་པ་ཡོད་པ་བཟོའི་ཁྱད། མཛད་པ་བཅུ་གཉིས་འབུར་དུ་དོད་པ་བཟོའི་ཁྱད། གཡུའི་སྒོ་མོ་ལ་གསེར་གྱི་བྱེའུ་ཆུང་སྐད་འདོན་པ་ཡོད་པ་བཟོའི་ཁྱད། གསེར་གྱི་སྒོ་མོ་ལ་རུས་སྦལ་གྱི་རྒྱབ་ཏུ་ཆུ་འབབ་པ་ཡོད་པ་བཟོའི་ཁྱད། ལྷ་ཁང་གི་ཤིང་ཐམས་ཅད་ཀླུའི་ཤིང་ཀླག་ཤ་ལ་བྱས་བཟོའི་ཁྱད་ལཔར་ཏེ་དེ་ལྟར་བཟོ་སྣ་བཅུ་གསུམ་ཡོད་པ་དེ་བཞེངས་སོ། །བཙུན་མོ་འབྲོན་བཟའ་བྱང་ཆུབ་སྨན་གྱིས་ལྷ་ཁང་དགེ་རྒྱས་བྱེ་མའི་གླིང་བཞེངས་ཏེ། དེ་ཡང་ཁོང་གིས་སྲས་རྒྱལ་བུ་མ་གཟིགས་པས། ང་ལ་བུ་མེད་པས་ཕྱིས་ལྷ་ཁང་ཞིག་གསོས་བྱེད་མཁན་མི་ཡོང་ཟེར་ཏེ། ལྷ་ཁང་སོ་ཕག་གིས་བརྩིགས། ཤིང་ཐམས་ཅད་མེ་ཡིས་ཚིགས་ནས་མི་ཡོང་ཟེར་ནས་ཀླུ་ཤིང་ཀླག་ཤ་ལ་བྱས། ལྷ་ཐམས་ཅད་ལུགས་མར་བྱས་སོ། །མར་མེ་འབུལ་མཁན་མི་ཡོང་ཟེར་ནས་ལྷའི་སྤྱན་ཐམས་ཅད་མེ་ཤེལ་ལས་བྱས་སོ། །ཡོན་ཆབ་འབུལ་མཁན་མི་ཡོང་ཟེར་ནས་ལྷའི་སྤྱན་གྱི་གཟིགས་སར་ཆུ་མིག་བྱས་སོ། །མེ་ཏོག་འབུལ་མཁན་མི་ཡོང་ཟེར་ནས་ལྷའི་སྤྱན་གྱིས་གཟིགས་སར་མེ་ཏོག་ར་བར་བྱས་སོ། །དེ་ལྟར་ལྷ་ཁང་དགེ་རྒྱས་བྱེ་མ་གླིང་བཞེངས་སོ། །དབུ་རྩེ་རིགས་གསུམ་གྱི་ཕྱོགས་བཞིར་རྡོ་རིང་ཆེན་པོ་རེ་རེའི་སྟེང་ཟངས་ཀྱི་ཁྱི་བོ་ཆེ་རེ་ཡོད་པ་བཞེངས་སོ། །དེ་ལྟར་གཏིང་ནས་བཞེངས་པ་ལ་འཇིག་རྟེན་གྱི་ལྷ་སྲིན་ཐམས་ཅད་ཀྱིས་བརྩིགས་པས་དེར་ཉིན་མོ་མིས་བརྩིགས་པ་ལས་ནུབ་མོ་ལྷ་འདྲེས་བརྩིགས་པ་མཐོ་བར་བྱུང་ངོ༌། །དེ་ལྟར་རྩིག་པ་ཚར་པ་དང༌། ཤིང་དང་རིན་པོ་ཆེ་དགོས་པ་ལ། དེར་ཤིང་བཟོ་མཁན་པ་རྒྱ་ནག་ལང་རྩེ་ཧེ་དང༌། བལ་པོའི་ཤིང་བཟོ་བ་སྦ་སུ་ལ་སོགས་པས། རྒྱལ་པོའི་མདུན་དུ་རྟེའུ་ཀླད་ལ་སྐོར་ཞིང༌། རྒྱལ་པོ་ལྷ་ཁང་རྩིག་པ་ཤིང་ལ་རྡུགས་སོ། །ཤིང་གང་ན་ཡོད་བྱས་པ་དང༌། རྒྱལ་པོས་འདི་ཙམ་གྱི་གཙུག་ལག་ཁང་གི་ཤིང་དང་རྒྱུ་རིན་པོ་ཆེ་གང་ནས་བཙལ་སྙམ་པའི་ཐུགས་ཁྲལ་ཆེར་ཡོད་པ་ལས། དེའི་དུས་སུ་སློབ་དཔོན་པད་མ་འབྱུང་གནས་ཀྱིས་ཐུགས་དགོངས་པ་ལ་བཞུགས་ཏེ། ལྷ་སྲིན་སྡེ་བརྒྱད་ཀྱིས་ལྷ་རྩིག་གྲོགས་བྱས་པས་གཙུག་ལག་ཁང་བརྩིགས་ཟིན་འདུག་པ་ལ། བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་དམ་ལ་ལེགས་པར་ཐོགས་སམ་མ་ཐོགས་སྙམ་ནས་དགོངས་པ་ལ་བཞུགས་གཟིགས་པས། ལྷ་འདྲེ་གཞན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དམ་ལ་ཐོགས་ནས།