ལུས་དམ་ལ་ཐོགས་ནས་བསམ་ཡས་རྩིག་གྲོགས་བྱེད་ཀྱི་འདུག ངག་དམ་ལ་ཐོགས་ནས་རྒྱལ་པོའི་བསམ་པ་བསྒྲུབ་པོ་ཟེར་ཞིང༌། སློབ་དཔོན་གྱི་བཀའ་ལ་ཉན་ཟེར་གྱིན་འདུག ཡིད་དམ་ལ་ཐོགས་ནས་དཀོན་མཆོག་གསུམ་ལ་དད་པ་ཐོབ་སྟེ་གསམ་པ་གུས་པས་ལྷ་ཁང་རྩིག་གིན་འདུག་པ་ལ། ཀླུ་གཉན་ས་བདག་རྣམས་ལུས་དམ་ལ་ཐོག་ནས་བསམ་ཡས་རྩིག་པའི་གྲོགས་བྱེད་ཀྱིན་འདུག ངག་དམ་ལ་ཐོགས་ནས་རྒྱལ་པོའི་བསམ་པ་སྒྲུབ། སློབ་དཔོན་གྱི་བཀའ་ལ་ཉན་ཟེར་གྱི་འདུག་པ་ལ། ཡིད་དམ་ལ་མ་ཐོགས་པར་མཐོང་བའི་དུག་དང༌། འཕྲོ་བའི་དུག་དང༌། ཁ་རླངས་ཀྱི་དུག་སྣ་ཚོགས་གཏོང་ཞིང་སེམས་ཅན་ལ་གནོད་པར་གཟིགས་པས། དེར་སློབ་དཔོན་གྱིས་རྒྱལ་པོ་ལ་དེ་རྣམས་ཞིབ་པར་བཤད་ནས། ཀླུ་གཉན་ས་བདག་དམ་ལ་འདོགས་པའི་ཕྱིར་དུ་ང་མཆིམས་ཕུ་ཕུག་པ་ཆེན་མོར་སྒྲུབ་པ་ལ་འཇུག་པས། ད་སྟེ་ཞག་བདུན་བར་དུ་ངའི་མཚམས་ལ་བར་ཅད་མ་བྱེད་ཅིག མཚམས་མ་རྟོག་ཅིག་གསུངས་ཏེ། སློབ་དཔོན་གྱིས་དགོངས་པ་ལ་བཞུགས་པ་ལས། རྟ་མགྲིན་ན་ག་ཀླུ་འདུལ་གྱི་དཀྱིལ་འཁོར་ཞལ་ཕྱེ། རན་མ་སྔོན་ནུབ་མོ་ནམ་ཕྱེད་ཙ་ན་རྒྱལ་པོ་གཟིམ་པའི་དབུ་སྔས་སུ། ལྷ་ས་རྐྱང་ཕུའི་ཀླུ་མི་དཀར་རྟ་དཀར་དུ་བྱས་ནས་སྤྱི་གཙུག་གི་སྦྲུལ་མགོ་དང་སྦྲུལ་མཇུག་ཀྱང་མི་མངོན་པར་བྱས་ནས། སྤྱི་གཙུག་གི་ནོར་བུ་རིན་པོ་ཆེ་དེ་དཀྲོལ་ནས་རྒྱལ་པོའི་ཕྱག་ཏུ་ཕུལ་ཏེ། རྒྱལ་པོ་ཁྱེད་ཀྱི་གཙུག་ལག་ཁང་བཞེངས་པའི་ཤིང་དང་ནོར་བུ་རིན་པོ་ཆེ་ཐམས་ཅད་ངས་ཀ་རུ་མར་བྱེད་པས་རང་རེ་གྲོགས་པོ་བྱའོ་ཟེར། དེར་རྒྱལ་པོ་མནལ་སད་ལཔ་དང༌། ག་རེ་རང་གི་གཙུག་ལག་ཁང་བཞེངས་པ་ལ་ཤིང་རིན་པོ་ཆེ་རྡུགས་པ་དེ་རྣམས་ཡོང་བར་འདུག རོན་བུ་རིན་པོ་ཆེའི་ཕྱག་རྟེན་ཡང་བྱུང་བས་དགའ་སྟེ། དེ་ལྟར་རང་རེ་གྲོགས་པོ་བྱའོ་ཞེས་སྨྲས་པས། ངའི་དགོས་པ་ཞིག་རྒྱལ་པོས་སྒྲུབས་ཤིག་ཟེར་ཏེ་ཆད་པས། ཁྱོད་ཀྱི་དགོས་པ་གང་ཡིན་གསུངས་པས། གཞན་མི་འཚལ་ཏེ་མཆིམས་ཕུ་ཕུག་པ་ཆེན་པོའི་བན་དེ་ཡ་གིའི་དགོངས་པ་གློད་དགོས་ཟེར་བས། དེ་ལྟར་བྱ་བར་ཁས་བླངས་དམ་བཅས་པས་དེ་ཉིད་དུ་ཀླུ་དེ་མི་སྣང་བར་གྱུར་ཏོ། །དེར་རྒྱལ་པོས་མཚན་མོ་དེ་ཇོ་མོ་ལ་བསྐུལ། ཇོ་མོས་ནང་འཁོར་གཡོག་མོ་ལ་བསྐུལ། དེས་ནང་མི་ལ་བསྐུལ་ཏེ། བློན་པོ་ཆེན་པ་བདུན་སྦྲོན་དུ་བཏང་བས། བློན་པོ་ཆེན་པོ་རྣམས་ན་རེ་རེ་ལ་འཁོར་རྟ་པ་ལྔ་བརྒྱ་རེས་བསྐོར་བ་རྣམས་ནམ་ལངས་ཉི་མ་ཤར་བ་ལ་ཡོམ་འབོག་གི་ཐང་ལ་འཚོགས་པ་ལས། རྒྱལ་པོས་རྣམ་པར་ཐར་པའི་སྒོ་གསུམ་ནས་ཆིབས་ཁར་བྱོན་པས། རྗེ་འབངས་ཡོངས་ཀྱིས་མཆིམས་ཕུར་བྱོན་ཏེ། སློབ་དཔོན་གྱི་དྲུང་དུ་སོང་བས་སློབ་དཔོན་མངོན་པར་ཤེས་པས་མཁྱེན་པས་སྒྲུབ་ཀང་གི་སྒོ་ལ་སྒྲིམ་ཤིང་མཛད་དོ། །ཉི་མ་དགོང་ཀར་སོང་ཡང་རྒྱལ་པོས་སློབ་དཔོན་གྱི་སྒྲུབ་ཁང་གི་སྒོ་མ་རྙེད་དོ། །ཐམས་ཅད་ལྟོགས་སྐོམ་ཐང་ཆད་པར་གྱུར་ཏོ། །ཉོན་མོངས་པར་གཟིགས་ནས་སྒྲིབ་ཤིང་བཀྲོལ་བས་དེར་རྒྱལ་བློན་རྣམས་ཀྱིས་སློབ་དཔོན་གྱི་དྲུང་དུ་ཕྱིན་པ་དང༌། དེ་ཡང༌། མཆིམས་ཕུ་ཕུག་པ་ཆེན་པོའི་ནང་ན། །སྤྲུལ་པའི་ཁྱུང་ཆེན་འཇིགས་ཤིང་སྐྱི་བུན་པ། །སྤུ་མདོག་བཙོ་མའི་གསེར་དུ་སྣང་བ་ལ། །གཤོག་པའི་སྒྲོ་ནི་རལ་གྲི་ལྷམ་པ་འདྲ། །སྤུ་རྩེ་རྣམས་ནི་སྤུ་གྲི་ལྷམ་པ་འདྲ། །མཆུ་དང་རུས་པ་སྡེར་མོ་ལྕགས་སྦར་ཅན། །མགར་བའི་སོ་མལ་ནང་ནས་བཏོན་པ་འདྲ། །ཉི་ཟླའི་སྤྱན་ནི་འབུར་ཞིང་འཕྲུལ་པ་ཅན། །ཀླུའི་རྒྱལ་པོ་མལ་གྲོ་གཟི་ཆེན་དང༌། །ཀླུའི་དེད་དཔོན་ནག་པོ་གློང་རྡོལ་གཉིས། །སྦྲུལ་གྱི་སྐེད་པ་ཕྱག་གིས་བཟུང་སྟེ་མཇུག་མ་ཞབས་ཀྱིས་མནན། །སྦྲུལ་གྱི་ཁ་ནི་གདངས་བཙུམ་སྐེད་པ་འཁྱོག་ཅིག་འགུལ། །ལག་གཉིས་ཐལ་སྦྱར་སྦྲུལ་མགོ་ཁྱུང་གི་ཞལ་དུ་གསོལ་བ་ཁད། །ཁྱུང་གི་མེ་ཆེན་སྤར་བས་བྲག་ཕུབ་ཚེག་སྒྲ་ཅན། །དེ་ལྟར་མཐོང་ནས་རྒྱལ་པོ་རྗེ་འབངས་ཀྱིས། །ཁྱུང་དེ་སློབ་དཔོན་ཡིན་པ་མ་ཤེས་ནས། །ཡང་ནི་ལན་གསུམ་མཐའ་མ་མཆིམས་ཕུ་ཡོངས་རྣམས་བསྐོར། །གར་ཕྱིན་གར་བཙལ་སློབ་དཔོན་མ་རྙེད་ནས། །གཞུག་ཏུ་སློབ་དཔོན་ཁྱུང་དུ་སྤྲུལ་པའི་དྲུང་དུ་ཕྱིན། །ཕྱག་བྱས་གཟུགས་སྣེམས་སྙུན་དྲིས་པས། །ཁྱུང་ཆེན་ཅང་མི་སྨྲ་ཞིང་ལྟ་ཟུར་ལོག་ལོག་བྱེད།