R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
བསམ་ཡས་ལྷུན་གྱིས་གྲུབ་པ་བཞེངས་ཚར་བའི་དུས་ཀྱི་རབ་གནས་ཀྱི་བཀོད་པ་དང༌། གཞན་ཡང་རྒྱ་ནག་པོ་ཐག་རྩེད་ཀྱི་རི་མོ་ཡང་པོ་ཡོད། ཆོས་སྐྱོང་མགོན་པོ་བེང་དམར་དང༌། དཔལ་ལྷ་མོ་དཀར་མོ་ལ་གཏད་དོ། །གཙུག་ལག་ཁང་སྤྱི་དང་དཀོར་མཛོད་གླིང་གི་དཀོར་སྲུང་ནི་རྒྱལ་པོ་དཔེ་ཧར་ལ་གཏད་དོ། །དེ་ཡང༌། དཀར་ཞལ་བཀོད་ལེགས་དར་དཀར་བཏིང་བ་ལ། །དབུ་རྩེ་རིགས་གསུམ་ཤེལ་དཀར་མཆོད་རྟེན་འདྲ། །འཁོར་ས་རྣམ་གསུམ་རིན་ཆེན་ཁྲི་འཕང་ཅན། །གསེར་གྱི་གཉ྄ཛིར་འཁོར་ལོ་འོད་འབར་མཛེས། །ལྕོག་ཆེན་བཞི་ནས་དར་དཀར་བ་དན་འཕྱར། །འཕྲུལ་གྱི་རྒྱ་ཕིབས་ཆར་རླུང་ཉི་མ་སྐྱོབ། །ཅོང་དྲིལ་གསུང་སྙན་དུས་ཀྱི་རླུང་གིས་འཁྲོལ། །ལོགས་ལ་རྒྱ་བྱིའུ་ལ་སོགས་བྱ་རྣམས་ལྡིང༌། །ནམ་མཁའི་མེ་ཏོག་པད་མའི་དུད་སྤྲིན་གཏིབས། །མཆོད་པའི་ལྷ་མོས་དྲི་བསུང་རྣམ་པར་འབུལ། །རིན་ཆེན་གདུགས་མཛེས་བདེ་གཤེགས་མཆོད་པ་ཡིས། །པད་མའི་སྙིང་པོ་བདེ་བར་གཤེགས་པའི་བརྒྱན། །གཤའ་རྩེ་ཉི་ཟླས་བརྒྱན་པས་ཉིན་མཚན་གསལ། །སྲ་བརྟན་མི་འགྱུར་སོ་ཕག་བཻཌཱུརྱ། །མཐོན་མཐིང་གསེར་གྱི་ཀ་བ་ཀ་གཞུ་ལ། །རིན་ཆེན་སྣ་ཚོགས་ཕྲ་དང་སྤར་ཀབ་མཛེས་པ་བཏབ། །ཕྱམ་གདུང་སྒོ་གླེགས་སྒོ་དང་ཕིམས་ལ་སོགས། །སྤར་བཀབ་ཕྲ་ཡིས་ཐམས་ཅད་ཁྱབ་པར་བལྟམས། །དགའ་ལྡན་ལྷ་ཡི་ཁང་པ་མཚུངས་པར་བཞེངས། །གྲུ་སྐས་ཧ་རེས་གཤེགས་ཤུལ་བདེ་བའི་ལམ། །སེང་གེ་སྟོབས་ཆེན་སྟོད་ནས་མཆོངས་པ་བཞིན། །ཙན་དན་སྙིང་པོའི་ཁང་བཟང་གཞལ་ཡས་ཁང༌། །རྣམ་ཐར་སྒོ་གསུམ་རིན་ཆེན་གསེར་གྱིས་བརྒྱན། །གསེར་གྱི་དྲིལ་བུ་འཁྲོལ་བའི་སྐད་སྒྲ་འབྱིན། །རྣམ་པར་སྣང་མཛད་རིགས་ལྔ་ཀུན་གྱི་གཙོ། །ལོངས་སྤྱོད་རྫོགས་སྐུ་གླིང་བཞི་ཀུན་ལ་བརྒྱན། །ཉེ་བའི་སྲས་བརྒྱད་འཁོར་ལ་འཛུམ་བག་སྟོན། །སྐྱིལ་ཀྲུང་མཉམ་བཞག་བཞུགས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཉི་ཤུ་བཞི། །བདག་ལྟ་རི་བོ་ཉི་ཤུའི་རྩེ་མོ་ནས། །བསྡུ་བ་རྣམ་བཞིས་འགྲོ་དོན་དགོངས་པ་ཅན། །སྲིད་གསུམ་སྡུག་བསྔལ་སེལ་ཕྱག་འཚལ་ལོ། །སྒོ་བཞི་སྲུང་མཛད་ཁྲོ་བོ་ཆེན་པོ་བརྒྱད། །མི་ཁོམ་རྣམ་བརྒྱད་མ་ལུས་འཇོམས་པ་པོ། །འཇིག་རྟེན་ཆོས་བརྒྱད་སྙེམས་དང་བྱམས་པ་མགོན་པོ་དང༌། །དུས་གསུམ་སངས་རྒྱས་ཁམས་གསུམ་ཀུན་གྱི་གཉེན། །སྐུ་གསུམ་སྙེམ་མཛད་འགྲོ་བའི་དོན་མཛད་པ། །འཇིག་རྟེན་གསུམ་མཆོད་ཁྱེད་ལ་ཕྱག་འཚལ་ལོ། །ས་བཅུའི་བྱང་སེམས་ཆོས་ཀྱི་སྤྲིན་ལ་གནས། །དཔལ་བཅུ་ལྡན་པ་ཀུན་ནས་བྱམས་པའི་ཐུགས། །ཕ་རོལ་ཕྱིན་བཅུ་སྤྱོད་པའི་རྣམ་དཔྱོད་ཅན། །བྱང་ཆུབ་སེམས་དཔའ་བཅུ་ལ་ཕྱག་འཚལ་ལོ། །ཁྲོ་ཆེན་རྣམ་རྒྱལ་ཉོན་མོངས་བདུད་ལས་རྒྱལ། །ཁམས་གསུམ་རྣམ་རྒྱལ་ལས་ཀྱི་ཞགས་པ་གཅོད། །མ་རུངས་འདུལ་ཕྱིར་རྣོ་བའི་མཚོན་ཆ་བསྣམས། །ཁྲོ་འཛུམ་པད་མའི་སྤྱན་ལ་ཕྱག་འཚལ་ལོ། །རང་བྱུང་སྤྲུལ་པའི་སྐུར་སྟོན་མར་མེ་མཛད། །ལུང་བསྟན་རིན་ཆེན་གསེར་གྱི་འོད་དང་ལྡན། །སྟོང་གསུམ་དག་དང་སྤྲུལ་སྐུ་བྱེ་བས་རྒྱན། །འགྲོ་བའི་མུན་སེལ་ཁྱེད་ལ་ཕྱག་འཚལ་ལོ། །མི་མཇེད་འཇིག་རྟེན་ཁམས་པ་ཁྱེད་ལ་བསྟོད། །བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བཅུས། །སྟོབས་བཅུ་ལྡན་པ་སྐྱེ་བ་གཅིག་གིས་ཐོགས། །འཇིག་རྟེན་དོན་མཛད་ཁྱེད་ལ་ཕྱག་འཚལ་ལོ། །བསྟན་པའི་འཁོར་ལོ་བཅོམ་ལྡན་མི་གཡོ་མགོན། །བདུད་བཞི་འཇོམས་མཛད་བརྐྱངས་བསྐུམས་ཚུལ་གྱིས་བཞུགས། །བཅོམ་ལྡན་རྡོ་རྗེ་གཏུམ་པོ་སྟོབས་པ་ཆེ། །ཉོན་མོངས་འཇོམས་མཛད་ཁྱེད་ལ་ཕྱག་འཚལ་ལོ། །བསྟན་གནས་བར་དུ་གཙུག་ལག་ཁང་བཞུགས་ཤིང༌། །མེ་དང་ཆུ་ཀླུང་གནོད་པ་མི་འབྱུང་ཞིང༌། །ལྷ་སྲིན་སྡེ་བརྒྱད་རྟག་ཏུ་གུས་མཆོད་དེ། །ཆོས་སྐྱོང་སྲུང་མཛད་རྣམས་ལ་ཕྱག་འཚལ་ལོ། །དེ་ལྟར་བཙུན་མོ་གསུམ་གྱི་ལས་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱིས་ཁམས་གསུམ་ཟངས་ཁང་གླིང་དབུ་རྩེ་རིགས་གསུམ་དང་འདྲ་བ་གཅིག་བཞེངས། ཕོ་ཡོང་བཟའ་རྒྱལ་མོ་བཙུན་གྱིས་བུ་འཚལ་གསེར་ཁང་གླིང་བཟོ་སྣ་ཁྱད་པར་ཅན་བཅུ་གསུམ་ཡོད་པ་གཅིག་བཞེངས། འབྲོམ་བཟའ་བྱང་ཆུབ་སྨན་གྱིས་དགེ་རྒྱས་བྱེ་མའི་གླིང་བཞེངས། ལྷ་ཁང་ཐམས་ཅད་ཀྱི་རྒྱ་ཕིབས་ཀ་གདུང༌། ཀ་གཞུ་ལྕམ་སྒོ་གླེགས་རུ་བཞི་ཐམས་ཅད་ལ་གསེར་གྱི་སྤར་ཀབ་ལ།