ནོར་བུ་རིན་པོ་ཆེའི་ཕྲ་བཅུག་པ། བཟོ་དང་བཀོད་པ་ཁྱད་པར་འཕགས་པ་འཛམ་བུ་གླིང་ན་འགྲན་ཟླ་དང་བྲལ་བ། ལྷ་ཡུལ་གཞན་འཕྲུལ་དབང་བྱེད་དང་འདྲ་བ་བཞེངས་སོ། །བདག་འདྲ་པད་མ་འབྱུང་གནས་ཀྱིས། །སུམ་སྟོང་ལོན་ནས་བོད་ཡུལ་དབུས་སུ་འོངས། །རྒྱལ་པོའི་བཀའ་བཞིན་སྣང་སྲིད་དྲེགས་པའི་ལྷ་འདྲེ་བཏུལ། །ཐམས་ཅད་སངས་རྒྱས་བསྟན་པའི་སྒོ་རུ་མོས་པར་བྱས། །དཔལ་གྱི་བསམ་ཡས་ལྷུན་གྱིས་གྲུབ་པ་བཞེངས། །ཞེས་སོ། །དེ་ནས་སློབ་དཔོན་པད་མ་འབྱུང་གནས་དང༌། མཁན་པོ་བོ་དྷི་ས་ཏྭས་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རབ་གནས་མཛད་པས། བྱིན་རླབས་ངོ་མཚར་བའི་ལྟས་ལྔ་བྱུང་སྟེ་དབུ་རྩེའི་ལྷ་རྣམས་ཕྱིར་ཤད་ཀྱིས་བྱོན་ཏེ། ཡང་ལྷ་ཁང་ནང་གི་སོ་སོའི་པད་མའི་གདན་ལ་བཞུགས་པ་དང༌། བྱང་ཆུབ་གླིང་གི་རྣམ་པར་སྣང་མཛད་ནམ་མཁའ་ལ་འཕགས་པ་དང༌། མཆོད་རྟེན་སྔོན་པོ་སྨན་གྱི་ཡུལ་དུ་འཕུལ་བ་དང༌། དེ་ལ་གཟེར་བཞིས་མནན་པ་དང༌། ཨརྱ་པ་ལོའི་གླིང་གི་རྟ་མགྲིན་གྱིས་རྟ་སྐད་ཁམས་གསུམ་སྟོང་གསུམ་བེར་བེར་ལན་གསུམ་བསྒྲགས་པ་དང༌། ཕྱོགས་བཞིའི་རྡོ་རིང་བཞིའི་སྟེང་ནས་ཟངས་ཀྱི་ཁྱི་ཕོ་བཞིས་སྐད་བཏོན་ནས་མཆོངས་པ་དང༌། དབུ་རྩེ་འཁོར་བའི་སྙུག་རིང་ཁད་ཀྱིས་དུས་གཅིག་ལ་རྫོགས་པར་སྐྱེས་པར་དང༌། གཞན་ཡང་བཀྲ་ཤིས་ཤིང་ཡ་མཚན་པའི་ལྟས་མང་དུ་བྱུང་ཞིང༌། བྱིན་རླབས་ཆོ་འཕྲུལ་མང་པོ་བྱུང༌། དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་པད་མ་འབྱུང་གནས་དང༌། སློབ་དཔོན་བོ་དྷི་ས་ཏྭ་གཉིས་གསེར་གྱི་ཁྲི་ལ་བཞུགས་ཏེ། འཇིག་རྟེན་གྱི་སྤྱན་གཟིགས་སྣ་ཚོགས་དྲངས་ཏེགཏང་རག་ཆེན་པོ་ཕུལ་ལོ། །དགའ་སྟོན་ཆེན་པོ་ཡང་བྱས་སོ། །སྐྱེ་བོའི་ཚོགས་ཆེན་པོ་ལ་ཡང་སྦྱིན་གཏོང་རྒྱ་ཆེན་པོ་མཛད་དོ། །དེའི་དུས་སུ་བྲག་དམར་མཚོ་མོ་མགུར་བྱ་བའི་མཚོ་ནང་ནས་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མེ་ཏོག་པད་མ་ཆེན་པོ་གཅིག་སྐྱེས་པ་ལ་རྗེ་འབངས་ཐམས་ཅད་དགའ་བ་དང་སྤྲོ་བ་ཆེན་པོ་སྐྱེས་ཏེ། མཚོའི་མཐའ་མར་རིན་པོ་ཆེའི་ཁྲི་བརྩིགས་རྒྱལ་པོའི་གདན་བཞི་དང༌། ཞལ་ལུའི་སྐྱོགས་བཞི་དང༌། འབངས་ཀྱི་གྲལ་བརྒྱད་བྱས། བལ་པོའི་མ་རུ་ཆང༌། རྒྱ་གར་གྱི་གོ་ལ་དང༌། རྒྱ་ནག་གི་ཇ་ལ་སོགས་པ་འཇིག་རྟེན་གྱི་སྤྱན་གཟིགས་སྣ་ཚོགས་བཤམས་ནས། རྗེའི་མགུར་གླུ་བཅུ་གསུམ་བཞེངས། རྒྱལ་བློན་ཐམས་ཅད་གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་ལག་པ་འབྲེལ་ཏེ་མི་རེས་གླུ་རེ་བླངས། རྟ་རེས་བང་རེ་རྒྱུགས། དེ་ལ་བཀྲ་ཤིས་ཀྱི་དོང་རྩེ། བཀྲ་ཤིས་ཀྱི་བྲོ་མོ་ཆེ། འཁོར་ལོའི་རྩིབས་རིས། རྡོ་རྗེ་བྱང་ཆུབ་རིས། རིན་ཆེན་འབར་རིས། པད་མའི་སྐོར་ཤོན། རྒྱ་ཁྲམ་གྱི་གསང་ལམ་རིས། དར་མའི་བུམ་ཆུང༌། བྱང་ཆུབ་ཀྱི་རྒྱུན་ལམ་ལ་སོགས་པའི་གླུ་བྲོ་རྩེད་འཇོ་དང༌། བྲོ་གར་མང་པོ་མཛད། སྐྱིད་ཀྱི་མི་ལོ་གཅུ་གསུམ་ལ་རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་ཀ་བོར་ཏེ་སྐྱིད་བྱས་སོ། །རྒྱལ་པོ་སྔ་དར་གྱི་དུས་ལགས་སོ། །དེ་ནས་སློབ་དཔོན་པད་མ་འབྱུང་གནས་དང་མཁན་པོ་བོ་དྷི་ས་ཏྭ་གཉིས་རྒྱ་གར་ཡུལ་དུ་བཞུད་པར་དགོངས་ནས། རྒྱལ་པོ་ལ་རྒྱ་གར་ཡུལ་དུ་འགྲོ་གསུངས་པ་ལས། རྗེ་མངའ་བདག་རྒྱལ་པོས་བཞུགས་པར་ཞུ་བ་ཕུལ་བར། ཨུ་རྒྱན་ཡུལ་ནས་བྱོན་པའི་པད་མ་འབྱུང་གནས་དང༌། །ཟ་ཧོར་ཡུལ་ནས་བྱོན་པའི་བོ་དྷི་ས་ཏྭ་དང༌། །བོད་ཡལ་དབུས་སུ་སྐྱེས་པའི་ཁྲི་སྲོང་ལྡེ་བཙན་གསུམ། །སྐུ་སྐྱེ་བ་ཡང་སྔའི་དུས་ཚོད་ན། །མ་གུ་ཏ་ཡི་ཡུལ་དག་ཏུ། །མོན་ཕྲུག་སྤུན་གསུམ་དག་སྐྱེས། །དེ་དུས་མཆོད་རྟེན་གརྩིགས་ཤིང་སྨོན་ལམ་བཏབ། །རྒྱལ་པོས་ཆོས་རྒྱལ་སྨོན་ལམ་བཏབ། །མཁན་པོས་དེའི་བླ་མཆོད་དག་ཏུ་བཏབ། །སློབ་དཔོན་པད་མ་འབྱུུང་གནས་ཀྱིས། །དྲེགས་པ་འདུལ་བའི་སྨོན་ལམ་བཏབ། །སྐྱེ་བ་སོ་སོར་སྨིན་པ་ལ། བོ་དྷི་ས་ཏྭ་བྲམ་ཟེར་སྐྱེས། །བཙད་པོ་དྲང་སྲོང་རིགས་སུ་སྐྱེས། །བདག་ནི་སྲ་མ་སྲིན་བུར་སྐྱེས། །དེ་གསུམ་གཅིག་ཏུ་འཚོགས་ནས་ནི། །སྔོན་གྱི་མཆོད་དརྟེན་དེ་དག་ལ། །མཆོད་པ་ཆེན་པོ་རབ་ཕུལ་ཏེ། །ཡང་ནི་སྨོན་ལམ་བཏབ་པ་ནི། །དྲང་སྲོང་བུའི་སྨོན་ལམ་ནི། །བདག་ནི་ཚེ་འདིའི་ཕྱི་མ་ལ། །འཁྱགས་པ་འཁྱགས་ཡུལ་མཐའ་འཁོབ་ཏུ།