།ཆོས་སྐྱོང་རྒྱལ་པོར་སྐྱེས་ནས་ནི། །སངས་རྒྱས་བསྟན་པ་འཛིན་པར་ཤོག །ཆོས་ཀྱི་བསྟན་པ་སྐྱོང་པར་ཤོག །དགེ་འདུན་སྡེ་ཆེན་འཛུགས་པར་ཤོག །དེ་སྐད་སྨོན་ལམ་བཏབ་པ་ཡིས། །ད་ལྟ་རྒྱལ་པོར་སྐྱེས་པ་ཡིན༌། །བྲམ་ཟེའི་བུའི་སྨོན་ལམ་ནི། །བདག་ནི་མཁས་པ་པཎྜི་ཏ། །རིག་པའི་གནས་ལ་མཁས་པ་ཡིས། །རྒྱལ་པའི་བསྟན་པ་འཛིན་པ་ཡིས། །སློབ་དཔོན་བྱེད་པར་སྨོན་ལམ་བཏབ། །ད་ལྟ་བོ་དྷི་ས་ཏྭ་ཡིན། །སྲ་མ་སྲིན་པོའི་སྨོན་ལམ་ནི། །བདག་ནི་སྔགས་འཆང་མཐུ་སྟོབས་ཅན། །སྣང་སྲིད་དྲེགས་པ་འདུལ་བར་ཤོག །རྒྱལ་པོའི་བསམ་པ་བསྒྲུབ་པར་ཤོག །དེ་སྐད་སྨོན་ལམ་བཏབ་པ་ཡིས། །སྨོན་ལམ་བཏབ་མཐུ་བཙན་པས། །ཟ་ཧོར་ཨུ་རྒྱན་བོད་ཀྱི་ཡུལ། །སོ་སོར་སྐྱེས་ཀྱང་བོད་ཡུལ་དུ། །སློབ་དཔོན་ཡོན་བདག་གྱུར་པ་ཡིན། །རྒྱལ་པོའི་ཐུགས་དམ་བསམ་ཡས་འདི། །སྟག་ལ་རྨང་བཏིང་རྟ་ལ་འབྱོངས། །ལོ་ལྔས་ལྷག་པ་མེད་པར་འབྱོངས། །བགེགས་ཞི་དུས་སུ་བསམ་ཡས་གྲུབ། །བོ་དྷི་ས་ཏྭ་པད་མ་འབྱུང་གནས་བདག །རྒྱ་གར་ཡུལ་དུ་འགྲོ་བར་ཞུ། །ཞེས་གསུངས་པ་ལས། རྒྱལ་པོས་སློབ་དཔོན་གཉིས་ལ་གསེར་བྲེ་རེ། དངུལ་སྐྱོགས་བཀང་ནས་ཕུལ། འཇིག་རྟེན་གྱི་ཞལ་ཟས་སྣ་ཚོགས་དྲངས། ཕྱག་ཕུལ་སྐོར་བ་བྱས། སྤྱན་ཆབ་བཏོན་ནས་ཞུ་བ་ནན་ཏན་དུ་ཕུལ་བ། ཨེ་མ་ཧོ། ཟ་ཧོར་ཨུ་རྒྱན་ཡུལ་ནས་བྱོན་པ་ཡི། །སློབ་དཔོན་རྣམ་གཉིས་བདག་ལ་གསོན། །སྐྱེ་བ་སྔོན་ཡང་སྨོན་ལམ་བཏབ། །རྒྱ་གར་ཡུལ་དུ་སྐྱེས་ནས་ནི། །ཡང་ནི་སྨོན་ལམ་བཏབ་པ་ཡིན། །སློབ་དཔོན་རྣམ་གཉིས་རྒྱ་གར་གྱི། །ཆོས་ཀྱི་ཡུལ་དུ་སྐྱེས་པ་ཡིན། །བདག་ནི་ཁ་བ་ཅན་གྱི་ལྗོངས། །གདོང་དམར་བོད་ཀྱི་ཡུལ་དུ་སྐྱེས། །ལས་ཀྱི་དབང་གིས་རྒྱལ་པོར་སྐྱེས། །བདག་གི་ཡིད་དམ་བསམ་ཡས་འདི། །ཉི་ཤུ་རྩ་གཅིག་སྟག་ལ་རྨང་བཏིང་ནས། །སློབ་དཔོན་བོ་དྷི་ས་ཏྭས་ས་གཞི་བྱིན་གྱིས་བརླབས། །བོད་ཀྱི་ལྷ་སྲིན་གདུག་རྩུབ་ཅན། །བགེགས་ཀྱིས་རྩིག་ཏུ་མ་བཏུབ་ནས། །སློབ་དཔོན་བོ་དྷི་ས་ཏྭས་ལུང་བསྟན་ནས། །སྤྲུལ་སྐུ་པད་མ་སྤྱན་དྲངས་གྲུབ་པར་ནི། །དངོས་གྲུབ་ཐུགས་དམ་བདང་བཙན་བྱོན། །སྟག་ནས་རྟའི་བར་ལོ་ལྔས་འབྱོངས། །སྔར་ཡང་སྐུ་དྲིན་ཆེ་མོད་ཀྱང༌། །ཁྲི་སྲོང་ལྡེ་བཙན་མ་གུམ་བར། །བཞུད་པར་མི་ཞུ་བཞུགས་པར་ཞུ། །ཐུགས་དམ་བརྩེར་དགོངས་གནང་བར་ཞུ། །ཞེས་ཞུ་བ་ཕུལ་བས། སློབ་དཔོན་གཉིས་ཀྱིས་བཀའ་བགྲོས་པ། སློབ་དཔོན་པད་མའི་ཞལ་ནས་རང་ཅག་གསུམ་ཚེ་སྐྱེ་བ་སྔ་མ་ཡང་སྔ་འདི་གསུམ་འབྲེལ་བ་ལས་འབྲེལ་ཡོད་པ་ཡིན་པས་རྒྱལ་པོའི་ཞལ་ངོ་མི་བསྐྱུངས་གསུངས་སོ། །སློབ་དཔོན་བོ་དྷི་ས་ཏྭའི་ཞལ་ནས་དེ་ཤིན་ཏུ་ལེགས་པས་དེ་བཞིན་བགྱིའོ་གསུངས་ནས། དེར་སློབ་དཔོན་གཉིས་ཀྱིས་རྒྱལ་པོ་ལ་བཀས་གནང་བ་ལ། སྐྱེ་བ་གསུམ་གྱི་སྨོན་ལམ་གྱིས། །ལས་ཀྱི་འཕྲོས་ཀྱིས་བོད་དུ་འཚོགས། །སྔར་ཡང་བཙན་པོ་དགྱེས་པར་བགྱིད། །ད་ཡང་བཙད་པོའི་ཞལ་མི་བསྐྱུངས་བར་བགྱིད། །ཅེས་གསུངས་ནས་བཞུགས་པར་བཀས་གནང་ངོ༌། །དེ་ནས་རྒྱལ་པོས་སློབ་དཔོན་གཉིས་ལ་ཆོས་གསུང་པར་ཞུ་བ་ཕུལ་བས་གསེར་གྱི་ཁྲི་ལ་ཟ་འོག་གི་འབོལ་གསུམ་བརྩེགས་དང་གབ་རྩེའི་གདན་ལ་སློབ་དཔོན་པད་མ་བཞུགས། དངུལ་གྱི་ཁྲི་ཟ་འོག་གི་འབོལ་གསུམ་བརྩེགས་དང་གབ་རྩེའི་གདན་དང་བཅས་པ་ལ་མཁན་པོ་བོ་དྷི་ས་ཏྭ་བཞུགས། གོང་གྲལ་ལ་རྒྱལ་པོ་ཉིད་བཞུགས། གཡོན་གྲལ་ལ་ཅོག་རོ་ཀླུའི་རྒྱལ་མཚན་དང་སྐ་བ་དཔལ་བརྩེགས་གཉིས་གབ་རྩེའི་ཁྲི་ལ་བཞུགས། དེ་ནས་སློབ་དཔོན་གཉིས་ལ་གསེར་གྱི་མཎྜལ་ཁྲི་གང་པ་རེ་ལ་གཡུའི་མེ་ཏོག་གི་ཚོམ་བུ་གླིང་བཞི་རི་རབ་གླིང་ཕྲན་ཉི་ཟླས་བརྒྱན་པ་ཕུལ། ལོ་ཙཱ་བ་གཉིས་ལ་ཡང་རིན་པོ་ཆེའི་མཎྜལ་རེ་རེ་ཕུལ་ནས་ཆོས་གསུང་པར་ཞུ་བ་ནི། ཨེ་མ་ཧོ། རྒྱ་གར་ཆོས་ཀྱི་ཡུལ་དུ་སྐུ་འཁྲུངས་པའི། །དམ་ཆོས་རིན་པོ་ཆེ་ལ་མངའ་བརྙེས་པ། །མཁས་པ་ཆེན་པོ་པཎྜི་ཏར་གྱུར་པ། །སློབ་དཔོན་ཆེན་པོ་རྣམ་གཉིས་ཀྱིས། །གསང་སྔགས་དང་ནི་མཚན་ཉིད་ཀྱི། །ཆོས་ནི་གསུང་བར་ཞུ་བ་འབུལ། །ལོ་ཙཱ་གཉིས་ཀྱིས་བསྒྱུར་བར་ཞུ། །བོད་ཡུལ་མུན་པར་འཐིབས་པས་ན། །ཆོས་ཀྱི་སྒྲོན་མེ་སྤོར་བར་ཞུ། །
ཞེས་ཞུས་པས་སློབ་དཔོན་གཉིས་ཀྱིས་གནང་བ།