R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།སློབ་དཔོན་བོ་དྷི་ས་ཏྭ་དང་ལོ་ཙཱ་བ་འབྲོ་སྐ་བ་དཔལ་བརྩེགས་ཀྱིས་རིག་སྔགས་ཕྱི་མ་རྣམས་བསྒྱུར་ཏེ། དེ་ལ་ཡང་ཀྲི་ཡའི་ཆོས་བྱ་བ་སྤྱིའི་རྒྱུད་དྲུག་ལ། རིག་སྔགས་ཐམས་ཅད་ཀྱི་ཁོག་དབུབ་པ་ཀྲི་ཡ་དཔུང་བཟངས་ཀྱི་རྒྱུད། རིགས་སྔགས་ཐམས་ཅད་ཀྱི་དབང་བསྐུར་བ་ཕྱག་ན་རྡོ་རྗེ་དབང་གི་རྒྱུད། རིགས་སྔགས་ཐམས་ཅད་ཀྱི་གསང་བ་རིག་པ་མཆོག་གི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་འདུས་པ་སིདྡྷི་ཀ་རའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དགོངས་པ་བསམ་གཏན་ཕྱི་མའི་རྒྱུད་དང་དྲུག་གོ །བྱ་བ་བྱེ་བྲག་གི་རྒྱུད་ནི། སྤྱན་རས་གཟིགས་ཀྱི་སྐོར་ཁང༌།པད་མ་རྩེ་མོ་སྔགས་ཀྱི་རྒྱུད། པད་མ་ཅོད་པན་གྱི་རྒྱུད། ཆོ་ག་སྔགས་ཀྱི་རྒྱུད། ཡིད་བཞིན་ནོར་བུའི་རྒྱུད། ཨ་མོ་གྷ་པ་ཤ་དོན་ཡོད་ཞགས་པའི་རྒྱུད། ཟ་མ་ཏོག་ཆེ་ཆུང་ལ་སོགས་པའོ། །འཇམ་དཔལ་གྱི་སྐོར་ལ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དྲི་མ་མེད་པའི་རྒྱུད། འཇམ་དཔལ་རྣོན་པོ་སྒྲིབ་པ་མེད་པའི་རྒྱུད། འཇམ་དཔལ་མཚན་ཡང་དག་པར་བརྗོད་པ་བསྟོད་པ་གླུ་བླངས་ཀྱི་རྒྱུད་ལ་སོགས་པའོ། །ཕྱག་ན་རྡོ་རྗེའི་སྐོར་ལ། ཕྱག་ན་རྡོ་རྗེར་དབར་བསྐུར་བའི་རྒྱུད། རྡོ་རྗེ་ས་འོག་གི་རྒྱུད། རྡོ་རྗེ་བེ་ཅོན་གྱི་རྒྱུད། རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད། རྡོ་རྗེ་རྣོན་པོའི་རྒྱུད་ལ་སོགས་པའོ། །གཟུངས་གྲ་ལྔ་ལ་སོགས་པ་བརྒྱ་དྲུག་ཅུའོ། །ཨུ་པ་ཡའི་རྒྱུད་བཞི་ལ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད། མེ་དཔུང་འབར་བའི་རྒྱུད། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དོ། །རྣམ་པར་མི་རྟོག་པའི་རྒྱུད་དོ། །ཡོ་གའི་རྒྱུད་ཆེན་པོ་ལ་བམ་པོ་སུམ་བརྒྱ་ཡོད་པ་མ་འགྱུར། བསྒྱུར། རྒྱུད་སྡེ་ཆེན་པོ་བཞི་ལ། མུ་ལ་ཏནྟྲ་རྩ་བའི་རྒྱུད། ཏ་ཐ་སམ་ཏྲ་ཧ་དང་པ་ཤ་ག་ར་རྡོ་རྗེ་རྩེ་མོའི་རྒྱུད། ཧྲི་པད་མ་ར་གརྱ་དཔལ་མཆོག་དང་པོའི་རྒྱུད་ནས། སརྦ་མུ་ཙ་ཡ་རྟོག་པ་བསྡུས་པའི་རྒྱུད་དང་བཞིའོ། །དེ་རྣམས་གསང་སྔགས་ཕྱིའི་རྒྱུད་དོ། །མཁན་པོ་བོ་དྷི་ས་ཏྭ་དང་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའོ། །རྒྱ་དཔེ་བསམ་ཡས་ན་གཏེར་དུ་སྦས་ནས་ཡོད་དོ། །དེ་རྣམས་སློབ་དཔོན་གཉིས་དང་ལོ་ཙཱ་བ་སྐ་ཅོག་གཉིས་ཀྱིས་བསྒྱུར་བའོ། །དེ་ནས་རྒྱལ་པོའི་ཐུགས་དགོངས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཚེ་གཅིག་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་ཆོས་རྒྱ་གར་ཡུལ་ནས་གྲུབ་ཐོབ་རྣམས་ལ་ད་རུང་ཞུ་བར་གཏང་ལ། བོད་ཁ་བ་ཅན་འདིར་གྲུབ་པ་ཐོབ་པ་འགའ་མ་བྱུང་ན་ཆོས་ལ་ཡིད་མི་ཆེས། ཕྱི་རབས་ཀྱང་མི་འབྱུང་བས་རྒྱ་གར་དུ་ཆོས་ལ་གཇུག་ཏུ་གཏང་དགོས་སྙམ་ནས། མཁན་པོ་བོ་དྷི་ས་ཏྭ་ལ་བོད་ཀྱི་མི་དྲུག་རབ་ཏུ་བྱུང་ནས་བཏང་བ་ནི་སྣུབས་ནམ་མཁའ་སྙིང་པོ། རླངས་དཔལ་གྱི་སེང་གེ། གྲུ་གུང་ཨུ་པེག་ཤ། རུ་ཡོང་སིང་ཧ་ར་ཛ། འབྲེ་རྒྱལ་པའི་བློ་གྲོས། རུ་གྱོང་བིརྱ་ར་ཛ། དེ་རྣམས་ཞབས་འོག་ནས་རྡེའུ་བཏོན་ནས་དབུའི་མཆོད་གནས་སུ་བཀུར་བར་བཀའ་བསྩལ་ཏེ། བཀའ་ལ་གཏགས་ནས་རྒྱ་གར་ཡུལ་དུ་ཆོས་འཚོལ་དུ་བཏང་སྟེ། གསེར་ཕྱེ་བྲེ་གསུམ་བསྐུར་ནས་བཏང་བ་དང༌། དེར་དགེ་སློང་མི་དྲུག་དཀའ་བ་དང་བསྡོས་ནས་རྒྱ་གར་ཡུལ་དུ་ཕྱིན་ཏེ། ད་ལྟ་རྒྱ་གར་ཡུལ་ན་གསང་སྔགས་རྡོ་རྗེ་ཐེག་པ་ལ་གྲུབ་པ་ཐོབ་པར་གྲགས་པ་ཇི་སྐད་བྱ་བ་ཡོད་དྲིས་པས། གསེར་གྱི་བྲག་བྱ་སྐྱིབས་ཅན་བྱ་བ་ན་སློབ་དཔོན་ཧཱུཾ་ཀ་ར་བྱ་བ་བཞུགས་ཟེར་བས། སློབ་དཔོན་ཧཱུཾ་ཀ་རའི་ཐད་དུ་ཕྱིན་ནས་ཉེ་གནས་སོ་ཀྱ་དེ་བ་བྱ་བ་ལ་གསེར་རྔན་པར་བྱིན་ནས་སློབ་དཔོན་ལ་ངེད་ཆོས་ཞུ་བ་ཡིན། ཁྱེད་ཀྱིས་ངེད་རྣམས་དང་སྤྲད་དགོས་བྱས་པས་སློབ་དཔོན་སྐོར་ཁང་རིམ་དགུའི་ནང་ན་དགོངས་པ་མཛད་ཅིང་བཞུགས་པས་མཇལ་དུ་མི་བཏུབ། ཁྱེད་རང་རྣམས་ངས་ནང་དུ་ཁྲིད་ཀྱི། སློབ་དཔོན་གྱི་སྤྱན་སྔར་བཙན་ཐབས་སུ་སོང་ལ་གསེར་ཕུལ་ལ་ཆོས་ཞུས་ཤིག་གནང་འོང་གི་ཟེར་ནས། དེར་བོད་ཀྱི་བན་དེ་མི་དྲུག་དྲུང་དུ་ཕྱིན་ནས་ཕྱག་འཚལ་གསེར་ཕུལ་ནས་ཞུས་པ། སློབ་དཔོན་ཆེན་པོ་ལགས། ངེད་ཚོ་བོད་ཀྱི་རྒྱལ་པོས་བཏང་བ་ལགས། ཚེ་འདི་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་ཆོས་ཤིག་ཞུ་བར་བཏང་བ་ལགས་པས།