སེམས་ཀྱི་ཀློང་དུ་འཁོར་འདས་ཀུན་འབྱུང་བ་བསྟན་པའི་ཕྱིར་རྟོགས་ཆེན་བཤད། སེམས་ཀྱི་ཐེག་པ་ཐམས་ཅད་ཀྱི་སྤྱི་འཆིང་བའི་ཕྱིར་ཆིངས་བཤད་དོ། །དེ་ནས་སློབ་དཔོན་ཤྲཱི་རི་སིང་ཧའི་ཞལ་ནས་ཆོས་རྫོགས་པར་བཤད་པ་ཡིན་པས། རྒྱ་གར་བ་ཆོས་ལ་ཕྲག་དོག་ཆེ་བས་ལམ་དུ་སྲོག་གི་བར་ཆད་ཡོང་ཉེན་ཡོད་པས་རྐང་མགྱོགས་ལོ་གཅིག་སྒྲུབས་ཤིག་གསུངས་ནས་རྐང་མགྱོགས་ཀྱི་གདམས་ངག་གནང་ངོ༌། །སློབ་དཔོན་གྱིས་སྤ་གོར་བཻ་རོ་ཙ་ནར་མིང་བཏགས་སོ། །རྩངས་རྐང་མགྱོགས་མི་སྒྲུབ་པར་རྗེ་ལ་ངོ་སོ་འདོད་ནས་སྔོན་ལ་སོང་བས་གཅན་འཕྲང་པས་བསད་དོ། །བཻ་རོས་ལོ་གཅིག་བསྒྲུབས་ཏེ་གྲུབ་པ་དང༌། གཅན་འཕྲང་གི་དཔོན་ཀུ་ཧ་དྷ་རུ་བྱ་བ་དང་གྲོགས་པོ་བྱས་རྔན་པ་གསེར་ཕྱེ་བྱིན་ནས་མནའ་ཐོ་བྱས། ཆོས་ཐམས་ཅད་རྒྱ་དཔེ་ཏ་ལའི་ལོ་མ་ལ་བྲིས་ནས་ཁུར་ཏེ་རྐང་མགྱོགས་རོགས་པོས་གཅན་འཕྲང་དང་པོ་ལས་བསྒྲལ་ཏེ་ལོག་གོ། །རྒྱ་གར་གྱི་པཎྜི་ཏ་ཐམས་ཅད་ཀྱི་རྨི་ལམ་ན། རྒྱ་གར་གྱི་ཉི་མ་བོད་ཀྱི་བན་དེ་ཞིགཏ་གིས་ཁུར་ཏེ་ནུབ་པ་རྨིས་སོ། །དེ་ནས་རྐང་མགྱོགས་བཀྲམ་པ་དང་གཅན་འཕྲང་གི་དཔོན་པོས་བོད་ཀྱི་བན་དེ་འདྲ་བ་མ་སོང༌། མཐའི་མོན་བུ་སྤྱི་ལྷམ་པ་ཞིག་སོང་སྟེ་དེས་ནི་ཅང་མ་ཁྱེར་བར་སོང༌། དེ་ཡིན་ན་དེང་སང་བོད་དུ་སླེབས་ཡོད་བྱས་པས་དེར་རྐང་མགྱོགས་པ་རྣམས་ལོག་གོ། །དེ་ནས་སྤ་གོར་བཻ་རོ་ཙ་ནས་རྗེའི་ཐད་དུ་སླེབས་པར་འོངས་ནས། རྗེ་ལྷ་སྲས་བཞེད་པའི་ཆོས་ཚོ་ནི་ལོན་ནའང༌། རྒྱ་གར་ཆོས་ལ་ཕྲག་དོག་ཆེ་ལ་བོད་ཀྱི་བློན་པོ་ཆོས་ལ་གནག རྒྱལ་པོའི་སྙན་ཁུང་སྲབ་པས་སྙན་ཕྲ་འབྱུང་སྲིད་པས་དེ་ལ་མི་གསན་པར་ཞུའོ་ཞེས་སྤྲིངས་སོ། །བཻ་རོས་རྐང་མགྱོགས་བསྒྲུབས་པས་ཞག་བདུན་གྱིས་བོད་དུ་སླེབས་པ་དང༌། ཕྱི་ན་ཚུར་རྒྱ་གར་གྱིས་བང་ཆེན་པ་བཏང་ནས་ཁྱེད་བོད་ཀྱི་བན་དེ་དེས་ཆོས་མ་རྙེད་པར་མུ་སྟེགས་ཀྱི་ངན་སྔགས་མང་པོ་ཁྱེར་སོང་བས། དེས་བོད་ཁམས་ཕུང་བར་བྱེད་པས་སོད་ཅིག་ཅེས་དེ་སྐད་བསྒྲགས་སོ། །དེ་ནས་བོད་ཀྱི་བློན་པོ་ཀུན་གྱིས་དེ་གསོད་དགོས། ངེད་བོད་རྣམས་ཕུང་བར་བྱེད་པས་ཡིན་ཟེར་བས། རྒྱལ་པོས་རྒྱ་གར་ཆོས་ལ་ཕྲག་དོག་བྱད་པ་ཡིན་ཏེ་དེ་ལྟར་མ་ཡིན་གསུངས་ཀྱང་མ་ཕན་ནས། དེར་མཐའི་སྤྲང་པོ་གཅིག་བཟུང་སྟེ་བཻ་རོ་ཙ་ནའི་གོས་དེ་ལ་བསྐོན་ནས་ཟངས་ཁ་སྦྱར་དུ་བཅུག གཟེར་གྱིས་བསྡམས་ནས་ཆུ་ལ་བསྐྱུར་བཏང༌། བཻ་རོ་ཙ་ན་ཕོ་བྲང་མཛོད་དུ་ཀ་བ་ཁོང་སྟོང་བྲུས་པ་གཅིག་ཏུ་བཞག་ནས། ནམ་ཕྱེད་ཙ་ན་རྒྱལ་པོ་ཆོས་གསན་པ་ལ། སེམས་སྡེ་བཅོ་བརྒྱད་ཀྱི་སྟོད་ཀྱི་ཆོས་ལྔ་ཚར་བ་དང་འབངས་ནང་པ་གཅིག་དང་ཇོ་མོ་ཚེ་སྤོངས་བཟའ་མེ་ཏོག་སྒྲོན་གྱིས་ཚོར་ནས་ཕྱིར་འབུགས་པ་དང༌། བློན་པོ་ཕྱི་ནང་ཐམས་ཅད་ཀྱི་ཚོར་ནས་རྗེ་ལ་ཐུགས་ནོར་བ་ཆེན་པོ་མངའ༌། ཡབ་མེས་ཀྱི་དཀོར་མཛོད་ཀྱི་གསེར་ཐམས་ཅད་འཇིམ་པ་ལ་བྱུགས་ནས་ང་ལྷ་ཁང་མཛད་གསུངས། ང་ཆོས་བྱེད་གསུངས་ནས་མཐའི་མི་བཟུང་ནས་ཆུ་ལ་བསྐྱུར། བོད་ཕུང་བར་བྱེད་པའི་རྒྱ་གར་གྱི་ངན་སྔགས་མཁན་ཕུགས་སུ་བཅུག་ནས་དེས་ཅི་ཟེར་ལ་ཉན། དེ་ལ་ཆད་པ་གཅོད་པས་སྒོར་ཐོན་ཅིག དེ་ལ་ཆད་པ་མི་གཅོད་ན་རྒྱལ་ཁྲིམས་གཤིག་ཟེར་བས་དེ་ལ་རྒྱལ་པོ་ཐུགས་མ་མཉེས་ནས་འོ་ཅག་ཇི་ལྟར་བྱ་བཻ་རོ་ཙ་ན་ལ་གསུངས་པས། རྗེ་ལགས་བདག་སྔོན་ཡང་རྒྱལ་པོ་ཚ་བའི་རོང་དུ་རྒྱལ་མོ་ལེགས་བཞེར་དཔལ་མོ་བྱ་བའི་བུར་སྐྱེས། ད་རུང་ལས་ཀྱི་འཕྲོ་དང་གདུལ་བྱ་སྐལ་ལྡན་ཡོད་པས་དེར་སྤྱུགས་ཤིག རྗེ་ཉིད་རང་ད་དུང་རྒྱ་གར་གྱི་པཎྜི་ཏ་རྣམས་ཀྱི་ནང་ནས་མཁས་པ་བི་མ་ལ་ཏི་ཏྲ་བྱ་བ་བཞུགས་པས་དེ་སྤྱན་དྲོངས་ལ་ཆོས་གྲ་ཚུགས། དེའི་དུས་སུ་ངའི་ཆོས་འདི་བདེན་པ་མ་ནོར་བ་གཅིག་ཡིན་ནམ་མ་ཡིན་གཏུག་ཏུ་གཏོང་གིས་དེ་བཏང་བ་དང་བོད་ཀྱིས་ཡིད་ཆེས་ནས་རྗེ་ཉིད་མཇལ་ཏེ་མཆེ་གསུངས་ཏེ། རྗེ་ལ་འབངས་མེད་རྒྱལ་ཁ་བློན་གྱིས་བསྒྱུར་ནས་སྤ་གོར་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་སོ། །དེར་བོད་ཀྱི་རྟོགས་ཆེན་པ་བྱུང་ཟེར་ནས་ཤིག་གི་དོང་དུ་བསྐྱུར། དེ་ལ་གནོད་པ་ཅུང་ཟད་ཀྱང་མེད་དོ། །བཻ་རོ་ཙ་ན་བོད་ཀྱི་རྒྱལ་བློན་གྱིས་རྒྱ་གར་ཡུལ་དུ་ཆོས་འཚོལ་དུ་བཏང་བས་རྒྱ་གར་གྱིས་ཆོས་ལ་ཕྲག་དོག་བྱས་ནས་ངན་སྔགས་ཡོད་བྱས་ནས་སྤྱུགས་པ་ཡིན།